分享按钮

རང་གྲོང་གི་ཤ་ཚལ་སྒོང་གསུམ་འདང་ངེས་དང་སྤུས་ཚད་ལེགས་པས་ དམངས་འཚོར་ཕན་པ་ཆེན་པོ་བྱུང་བ།

(པར་ངོས་དང་པོར་མཐུད)ཤིང་འབྲས་སྣ་ཚོགས་སྐྱེ་འཚར་ཡག་པོ་བྱུང་ནས་ལོ་ལེགས་ཀྱི་རྣམ་པ་ཞིག་མཐོང་བྱུང་། ཞི་ཧུའུ་ལུའུ་འདེབས་འཛུགས་དྲོད་ཁང་ཆེན་མོའི་ནང་འདེབས་འཛུགས་དུད་ཚང་བསྟན་འཛིན་གྱིས་བཏུས་མ་ཐག་པའི་ཞི་ཧུའུ་ལུའུ་སོས་པ་བསྡུ་གསོག་རྒྱག་བཞིན་ཡོད། ཁོང་གིས། ང་ཚོའི་དྲོད་ཁང་འདིའི་ནང་བཏབ་པ་ནི་ཞི་ཧུའུ་ལུའུ་ཡིན། རྟེན་གཞི་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཞིང་ཟོག་ཁྲོམ་རའི་དབར་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་ཡོད་པས་ཞོགས་པར་བཏུས་མ་ཐག་ཁྲོམ་རར་སྐྱེལ་གྱི་ཡོད་ལ་ཚོང་ལམ་ཡང་བརྟན་པོ་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་མཁོ་སྤྲོད་ལ་འགན་ལེན་བྱས་ནས་འཛད་སྤྱོད་པ་རྣམས་བློ་བདེ་པོ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

ཚོང་ལམ་བརྟན་པོ་ཡོད་པ་ནི་རྟེན་གཞིའི་འདེབས་འཛུགས་ཀྱི་ཆ་རྐྱེན་དང་ཚན་རིག་དང་མཐུན་པའི་དོ་དམ་བྱེད་སྟངས་ལས་བྱུང་བ་ཞིག་རེད། སུར་པན་དང་། ཚལ་ཀྭ ཧོང་ཀྭ་བཅས་ཀྱི་འདེབས་འཛུགས་དྲོད་ཁང་ཆེན་མོའི་ནང་དེང་རབས་ཅན་གྱི་སྒྲིག་བཀོད་ཀྱིས་སྔོ་ཚལ་གྱི་སྐྱེ་འཚར་ལ་ཁོར་ཡུག་ཡག་ཤོས་ཤིག་མཁོ་འདོན་བྱས་ནས་ཐོན་ཚད་དང་སྤུས་ཚད་གཉིས་ཀར་འགན་ལེན་ནུས་ལྡན་ཐུབ་ཡོད།

འདེབས་འཛུགས་དུད་ཚང་ལི་ཧྲོའུ་ཡོན་གྱིས། ད་ཆ་དྲོད་ཁང་ཆེན་མོའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཧ་ཅང་ལེགས་པ་དང་། དྲོད་ཚད་འཚམ་པ། ཐོན་ཚད་བརྟན་པ་བཅས་ཀྱི་རྣམ་པ་ཧ་ཅང་ཡག་པོ་ཡོད། ང་ཚོས་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ཚད་ལྡན་གྱི་ཞིང་སྨན་སྤྱོད་ཀྱི་ཡོད་པ་དང་། སྔོ་ཚལ་གྱི་བདེ་འཇགས་ལ་འགན་ལེན་ཡོད་པས་གྲོང་མི་ཚོས་བློ་བདེའི་ངང་ཉོ་སྒྲུབ་བྱེད་ཆོག་ཅེས་བཤད།

སྔོ་ཚལ་གྱི་མཁོ་སྤྲོད་ལ་འགན་ལེན་བྱ་རྒྱུ་དེ་འབྱུང་རྩ་ནས་དམ་འཛིན་བྱེད་དགོས། རྩ་བའི་ཆ་ནས་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་ཆེད། ཀུང་སིས་མུ་མཐུད་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མྱུག་གསོའི་ལྷུ་ཚིགས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་ཏེ། སྔོ་ཚལ་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་དང་པོ་བརྟན་དུ་བཏང་ཡོད། 2024ལོའི་ལོ་སྨད་དུ་ཀུང་སིས་མ་དངུལ་སྒོར་ཁྲི་500བཏང་ནས་མྱུག་གསོའི་བཟོ་གྲྭ་སྒྱུར་བཀོད་བྱས་པར་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1ཟིན་ཡོད་ཅིང་། ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ལྗང་གསོའི་རྟེན་གཞི་ཧུར་ཐག་བཏོད་ཡོད། ཀུང་སིའི་འགན་འཁུར་བ་ཡུའེ་ཡའོ་མིང་གིས། ང་ཚོས་ལོར་མྱུག་གསོ་བྱེད་ཚད་རྐང་ཁྲི་1000ཟིན་པ་དང་།2025ལོར་ཕྱིར་ཚོང་བྱེད་ཚད་རྐང་ཁྲི་400ཡན་ཟིན་ཡོད། སྔོ་ཚལ་འདེབས་འཛུགས་བྱས་པའི་སྣ་ཁའི་གྲས་སུ་ཀྲོ་མ་ཀྲུ་དང་། ཧོང་ཀྭ སུར་པན་སོགས་སྔོ་ཚལ་སྣ་ཚོགས་ཡོད་པ་དང་། སྔོ་ཚལ་གྱི་མངགས་ཐོ་ལྷ་ས་དང་། གཞིས་ཀ་རྩེ། ཉིང་ཁྲི། ལྷོ་ཁ་སོགས་སུ་ཁྱབ་ཡོད་ཅེས་བཤད།

མྱུག་གསོ་དང་འདེབས་འཛུགས་ནས་སྡེབ་སྐྱེལ་བར། ཆུ་ཤུར་རྫོང་ཅིང་ཀྲེ་མའོ་ཐེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་འབྲེལ་ཐག་ཧྲིལ་པོའི་མཁོ་སྤྲོད་འགན་ལེན་མ་ལག་བཙུགས་ཏེ།དོ་དམ་ཞིབ་ཚགས་ལ་བརྟེན་ནས་སྔོ་ཚལ་སོས་པའི་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱས་ཡོད། ཀུང་སིས་རྟེན་གཞིའི་རྒྱུ་ནོར་གྱི་སྦྲེལ་ཐག་ཧྲིལ་པོ་ཆུ་ཚོད་24བཀོད་གཏོང་བྱས་ནས་ཞིང་ཁ་ནས་ཁྲོམ་རའི་མཐའ་སྣེའི་བར་གྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་ཏེ། ཉིན་རེར་ཆ་སྙོམས་སྔོ་ཚལ་རྒྱ་མ་ཁྲི་1ཡན་སྡེབ་སྐྱེལ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཏུ་ཞིང་སྨན་ལྷག་ལུས་ཀྱི་ཞིབ་དཔྱད་ཚད་ལེན་དང་སྤུས་ཚད་ཁུངས་འདེད་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། གྲངས་འབོར་དང་སྤུས་ཚད་བརྟན་པོ་ཡོང་བར་བྱས་ནས་གྲོང་མིའི་ཤ་ཚལ་སྒོང་གསུམ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཧུར་ཐག་བྱས་ཡོད།

ཕྱིས་འབྱུང་། ཆུ་ཤུར་རྫོང་ཅིང་ཀྲེ་མའོ་ཐེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་དཔེ་སྟོན་གླིང་གི་ལས་སྟེགས་ཀྱི་ལེགས་ཆར་མུ་མཐུད་དེ་བརྟེན་ནས་ས་གནས་དེ་གའི་སྔོ་ཚལ་སྣ་ཁའི་ཚན་ཞིབ་འགག་སྒྲོལ་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་ཚད་ལེགས་ལ་སྤུས་ཀ་ལེགས་པའི་ས་གནས་དེ་གའི་ཁྱད་ལྡན་སྔོ་ཚལ་གྱི་སྣ་ཁ་ལེགས་སུ་གཏོང་བ་དང་གསར་གཏོད་སྐྱེད་སྲིང་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ། ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག ཁྱབ་གདལ། བེད་སྤྱོད་བཅས་ཀྱི་མཉམ་འདྲེས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཚན་ཞིབ་ཀྱི་གྲུབ་འབྲས་དེ་ཐོན་སྐྱེད་ཀྱི་ཕན་ནུས་དངོས་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། དེ་བཞིན་སྤུས་ལེགས་སྔོ་ཚལ་གྱི་ཐོན་ནུས་སྔར་བས་རྒྱ་ཆེར་གཏོང་བ་དང་། སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་པོར་སྲུང་བ། ལྷ་སའི་ཤ་ཚལ་སྒོང་གསུམ་འདང་ངེས་དང་སྤུས་ཚད་ལ་འགན་ལེན་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་འཚོར་ཕན་འདོགས་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་རྒྱུ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-03-16 6 6 拉萨日报藏文 c218427.html 1 རང་གྲོང་གི་ཤ་ཚལ་སྒོང་གསུམ་འདང་ངེས་དང་སྤུས་ཚད་ལེགས་པས་ དམངས་འཚོར་ཕན་པ་ཆེན་པོ་བྱུང་བ། /enpproperty-->