分享按钮

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་པེ་ཅིང་གི་ས་ཆ་མང་པོས་ཁྲིམས་འགལ་སྒྲིག་འགལ་ངང་ཨར་སྐྲུན་གད་སྙིགས་གཙང་སེལ་བྱས་པ་བརྡ་ཁྱབ་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ།ཚེས་7ཉིན།རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་ལྔ་པས་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་ནས།པེ་ཅིང་གྲོང་ཁྱེར་གྱི་ཨར་སྐྲུན་གད་སྙིགས་ཐོན་མང་མོད།འོན་ཀྱང་ས་གནས་ཁག་གཅིག་གི་དོ་དམ་ཚོད་འཛིན་དང་ཐག་གཅོད་ཐད་ཞན་ཆ་ཡོད་ཅེས་བསྟན་ཡོད། ཕིང་ཀུའུ་དང་ཧྥུང་ཐའེ་སོགས་ཆུས་ཀྱིས་ཨར་སྐྲུན་གད་སྙིགས་ཐག་གཅོད་ཐད་མཐོང་ཆེན་བྱ་རྒྱུ་མི་འདང་བ་དང་དོ་དམ་ཚོད་འཛིན་ཡག་པོ་མ་བྱུང་བས། ཁྲིམས་འགལ་སྒྲིག་འགལ་ངང་ཐག་གཅོད་བྱེད་པའི་གནད་དོན་མང་པོ་ཐོན་ཡོད།

ལྟ་ཞིབ་ཚོགས་ཆུང་གིས་ས་གནས་ཁག་གཅིག་ཏུ་ཁྲིམས་འགལ་ངང་འཛུགས་སྐྲུན་གད་སྙིགས་གཤོ་བའི་གནད་དོན་མངོན་གསལ་དོད་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད།ད་ལོའི་ཟླ་8པར་པེ་ཅིང་ཧྲི་ཡུས་ཝུའེ་ཡེ་ཀུང་སིས་ཆོག་མཆན་མ་ཐོབ་པར་ཕིང་ཀུའུ་ཆུས་ཝང་ཤིན་ཀྲོང་གྲོང་རྡལ་ལེ་ཝུའུ་གྲོང་ཚོར་ལས་གྲྭའི་སྙིགས་རོ་ཏུན་7400ལྷག་ཙམ་ཁྲིམས་འགལ་ངང་སྤུངས་ནས་ཞིང་སྤྱོད་ས་ཆ་མུའུ་9བཙན་བཟུང་བྱས་ཡོད། ཟླ་8པར་ལྐོག་བཤེར་བྱེད་སྐབས་སྙིགས་རོ་གཤོ་མཁན་གྱི་རླངས་འཁོར་མང་པོ་ཞིག་ཕིང་ཀུའུ་ཆུས་ཅིན་ཧའེ་མཚེའུ་གྲོང་རྡལ་ཁྲོ་ཧྲུའེ་དབན་གྲོང་ཚོར་ཁྲིམས་འགལ་ངང་ཨར་སྐྲུན་གད་སྙིགས་གཤོ་བཞིན་པ་ཤེས་རྟོགས་བྱུང་ཡོད། ཟླ་9པར་སླར་ཡང་ཀྲུང་ཤིང་ཧྲེང་པེ་ཅིང་ཀུང་སིས་ཀྱང་ས་ཆ་དེར་ཨར་སྐྲུན་གད་སྙིགས་གཤོ་བཞིན་ཡོད་པ་དང་། ས་ཆ་དེར་ཏུན་7500ལྷག་ཙམ་སྤུངས་ནས་ཞིང་སྤྱོད་ས་ཆ་མུའུ་3.6ཧམ་བཟུང་བྱས་པ་ཤེས་རྟོགས་བྱུང་ཡོད།

ས་མཚམས་བརྒལ་ནས་སྤུང་གསོག་བྱེད་པའི་གནད་དོན་ཐད།ལྟ་ཞིབ་ཚོགས་ཆུང་གིས་ཕིང་ཀུའུ་ཆུས་ཀྱི་འཛུགས་སྐྲུན་གད་སྙིགས་གནས་སྐབས་ཐག་གཅོད་བྱ་ཡུལ་8དུ་ཀུང་སི་3ལ་ས་མཚམས་བརྒལ་ནས་སྤུངས་པ་དང་སྒྲིག་འགལ་ངང་ས་བཟུང་བའི་གནད་དོན་ལྷག་ཡོད། 2022ལོ་ཚུན་དུ།ཏུང་ཀའོ་གྲོང་ཚོའི་འཛུགས་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གྱི་ཐག་གཅོད་ལྟེ་གནས་ཀྱིས་ད་ཡོད་ཀྱི་ས་ཆའི་ཕྱི་རོལ་དུ་འཛུགས་སྐྲུན་གད་སྙིགས་ཏུན་9700སྤུངས་ནས་ཞིང་སྤྱོད་ས་ཆ་མུའུ་5བཙན་བཟུང་བྱས་ཡོད། 2023ལོའི་ཟླ་9པ་ནས་བཟུང་། ཏ་ཧྭ་ཧྲན་འཛུགས་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གྱི་ཐག་གཅོད་ལྟེ་གནས་ཀྱིས་ས་མཚམས་བརྒལ་ནས་ཕྱི་རོལ་དུ་སྤུངས་པའི་འཛུགས་སྐྲུན་གད་སྙིགས་ཏུན་3100ལྷག་ཙམ་ལ་བསྐྱར་དུ་ཨར་འདམ་གྱི་བྱེ་རྡོ་སྐྱེས་ནས་འཛུགས་སྐྲུན་ས་ཆ་དང་རྩྭ་ས་གཞན་དག་མུའུ་6བཙན་བཟུང་བྱས་ཡོད། 2024ལོའི་ཟླ་5པ་ནས་བཟུང་། ཝང་ཤིན་ཀྲོང་གྲོང་རྡལ་འཛུགས་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གྱི་ཐག་གཅོད་ལྟེ་གནས་ཀྱིས་འཛུགས་སྐྲུན་གད་སྙིགས་ཏུན་420ལས་ཡུལ་གྱི་ཕྱི་རོལ་དུ་སྤུངས་ཡོད།

པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་གཏན་འབེབས་ནང་ད་ཡོད་ཀྱི་གནས་སྐབས་རང་བཞིན་གྱི་སྒྲིག་བཀོད་ཐག་གཅོད་ཀྱི་དུས་བཀག་ཐིམ་རྗེས་སྒྲིག་བཀོད་བཤིག་ནས་ས་ཆ་གཙང་སེལ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། ཧྥུང་ཐའེ་ཆུས་ལི་ཡོན་གྲོང་ཚོའི་འཛུགས་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གྱི་ཐག་གཅོད་བྱ་ཡུལ་དེ་2024ལོའི་ལོ་མཇུག་ཏུ་སྒོ་བརྒྱབ་ཟིན་པ་དང་།ད་ལོའི་ཟླ་9པར་ལྐོག་བཤེར་བྱེད་སྐབས་ཨར་སྐྲུན་གད་སྙིགས་ཏུན་ཁྲི་6.3སྔར་བཞིན་གཙང་སེལ་བྱས་མེད་པ་ཤེས་རྟོགས་བྱུང་ཡོད།

ལྟ་ཞིབ་ཚོགས་ཆུང་གིས་ད་དུང་ཧྥེང་ཐའེ་ཆུས་པེ་ཀུང་གྲོང་རྡལ་དང་ཝང་ཙུའོ་གྲོང་རྡལ་གྱི་ས་སྙིགས་སྐྱེལ་འདྲེན་རླངས་འཁོར་ཁག་གཅིག་ལ་ཨར་སྐྲུན་གད་སྙིགས་དབོར་འདྲེན་ཆོག་པའི་ཆོག་མཆན་ཐོབ་མེད་པ་དང་། གད་སྙིགས་བླུགས་པའི་མཐོ་ཚད་ད་དུང་ཐོག་ཁེབས་ལས་བརྒལ་བ།རླངས་འཁོར་གྱི་ཁ་དམ་སྒྲིག་བཀོད་སྤྱོད་ཐབས་བྲལ་བ་བཅས་ཤེས་རྟོགས་བྱུང་ཡོད། ཕིང་ཀུའུ་ཆུས་ཅིན་ཧའེ་ཧུའུ་གྲོང་རྡལ་ནས་ཨར་སྐྲུན་གད་སྙིགས་དབོར་འདྲེན་རླངས་འཁོར་ཁག་གཅིག་གིས་སྐྱེལ་འདྲེན་བྱེད་རིང་བླང་བྱ་ལྟར་ཁ་དམ་པོ་བཀག་མེད་པ་ཤེས་རྟོགས་བྱུང་ཡོད། ལྟ་ཞིབ་ཚོགས་ཆུང་གིས་ཟླ་10པར་ལྐོག་བཤེར་བྱེད་སྐབས།ཕིང་ཀུའུ་ཆུས་ནན་ཏུའུ་ལེ་ཧོ་གྲོང་རྡལ་གྱི་འཛུགས་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གྱི་ཐག་གཅོད་ཁུལ་དུ་འཛུགས་སྐྲུན་གད་སྙིགས་ཕྱི་རོལ་དུ་དབྱེ་འབྱེད་བྱེད་བཞིན་ཡོད་པ་དང་།ཐལ་རྡུལ་སྔོན་འགོག་གི་བྱ་ཐབས་ནུས་ལྡན་སྤྱད་མེད་པས།ཡུལ་དངོས་སུ་ཐལ་རྡུལ་འཚུབ་ནས་སྦགས་བཙོག་ཚབས་ཆེན་བཟོས་ཡོད་པ་ཤེས་རྟོགས་བྱུང་ཡོད།

ལྟ་ཞིབ་ཚོགས་ཆུང་གིས་འབྲེལ་ཡོད་གནས་ཚུལ་ལ་སྔར་བས་བརྟག་དཔྱད་ཞིབ་བསྡུར་བྱ་རྒྱུ་དང་འབྲེལ་བླང་བྱ་ལྟར་རྗེས་མཐུད་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 6 6 拉萨日报藏文 c213357.html 1 ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་པེ་ཅིང་གི་ས་ཆ་མང་པོས་ཁྲིམས་འགལ་སྒྲིག་འགལ་ངང་ཨར་སྐྲུན་གད་སྙིགས་གཙང་སེལ་བྱས་པ་བརྡ་ཁྱབ་བཏང་བ། /enpproperty-->