ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་16ཉིན། རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། སློབ་གསོ་ཐིང་སོགས་ཚན་པ་དང་མཉམ་དུ་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་རྒྱལ་སྒོའི་ནུབ་ངོས་སུ་2025ལོའི་འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ཚན་པ་ཁག་གིས་དྲིལ་བསྒྲགས་ཀྱི་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས། གྲོང་མི་ཚོར་འབྲུ་རིགས་བདེ་འཇགས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། གྲོང་མི་མང་ཚོགས་ཀྱིས་འབྲུ་རིགས་ལ་གཅེས་སྤྲས་དང་། འབྲུ་རིགས་གྲོན་ཆུང་། བདེ་ཐང་འཛད་སྤྱོད། ཆུད་ཟོས་ལ་ངོ་རྒོལ་བཅས་བྱ་རྒྱུ་དར་སྤེལ་བཏང་ཡོད། དྲིལ་བསྒྲགས་ཀྱི་ནང་དོན་རབ་དང་རིམ་པས་འགྲོ་འོང་བྱེད་མཁན་གྱི་གྲོང་མི་བྱེད་སྒོའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། གྲོང་མི་ཀྲང་དབྱིས། དེ་རིང་ངས་འདི་གར་འབྲུ་རིགས་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དང་། འབྲུ་རིགས་ཀྱི་སྤུས་ཀར་བརྡར་ཤ་གཅོད་པའི་དཔྱད་ཆས་ཡོད་ན་འབྲུ་རིགས་ཀྱི་རིམ་པར་དབྱེ་བ་ཕྱེ་ཐུབ་ཀྱི་ཡོད་པ་སོགས་ཀྱི་ཤེས་བྱ་མང་པོ་ཞིག་ཤེས་བྱུང་ཞེས་བཤད།
ཐེངས་འདིའི་བྱེད་སྒོས་གྲོང་མིའི་འབྲུ་རིགས་བདེ་འཇགས་ཀྱི་འདུ་ཤེས་དང་གྲོན་ཆུང་དང་གྱོང་གུན་ཉུང་གཏོང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་འབྲུ་རིགས་གྲོན་ཆུང་ཐད་མི་ཚང་མར་འགན་འཁྲི་ཡོད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད། རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ལྟ་སྐུལ་ཞིབ་བཤེར་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཆོས་ཉིད་ལྷ་མོས། ཐེངས་འདིའི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་འབྲུ་རིགས་གྲོན་ཆུང་བྱ་རྒྱུ་དེ་མི་ཚང་མར་འགན་འཁྲི་ཡོད་པའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་འཇགས་པར་བྱས་ཏེ། སྤྱི་དམངས་ཀྱིས་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཉུང་གཏོང་གི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་རྒྱུར་ཁྲིད་སྟོན་བྱ་ཆེད་རེད། ང་ཚོས་ཞིང་ཁ་ནས་འབྲུ་མཛོད་བར་དང་། འཁོར་ཁང་ནས་གསོལ་ལྕོག་བར་གྱི་ལྷུ་ཚིགས་ཁག་དྲིལ་བསྒྲགས་དང་། ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་འབྲུ་རིགས་གྲོན་ཆུང་གི་འདུ་ཤེས་དེ་དུད་ཚང་མི་རེ་ངོ་རེའི་རྒྱུན་གཏན་གྱི་བྱ་སྤྱོད་དུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社