(པར་ངོས་དང་པོར་མཐུད)འཕེལ་རྒྱས་ཕྱིན་ཏེ་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པས།གནའ་བོའི་གྲོང་ཁྱེར་དེར་དུས་རབས་གསར་པར་དེ་བས་བཀྲག་མདངས་འཚེར་བའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་།སྤུས་ཚད་མཐོ་བ།རྣམ་པ་གསར་པ་བཅས་མངོན་ཡོད།
སྣེའུ་ཁུལ་གསར(མཐོ་གསར་ཁུལ)ཚ་རྒུར་ལམ་ཆེན་དུ་གནས་པའི་བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་ནི་པེ་ཅིང་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱས་པའི་རིག་གནས་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་།2014ལོར་བསྐྲུན་ནས་ཚོད་ལྟའི་འཁོར་སྐྱོད་བྱས་པ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྟེན་རྫས་བཤམས་མཛོད་ཁང་དང་རྒྱལ་ཁབ་རིམ་པའི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་རེད།ཁང་དེས་འབྲི་གཡག་གཞི་རྟེན་དུ་བྱས་ནས་རང་བྱུང་དང་ཚན་རིག་དང་མཐུན་པའི་འབྲི་གཡག་དང་།ལོ་རྒྱུས་དང་མི་ཆོས་ཀྱི་འབྲི་གཡག སྙིང་སྟོབས་དང་སྒྱུ་རྩལ་བཅས་ཁག་གསུམ་གྱི་ཐོག་ནས་འབྲི་གཡག་གི་འབྱུང་ཁུངས་དང་འདུལ་གསོ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་འདུ་འགོད་ཅིག་རེད།
བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་དོ་དམ་ཞིབ་འཇུག་པུའི་འགན་འཁུར་བ་ཤེས་རབ་ཀྱིས་བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་2014ལོར་སྒོ་ཕྱེ་བ་ནས་ད་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་160ལྷག་ཙམ་ཟིན་པ་དང་།ལོ་ལྟར་ཆ་སྙོམས་བྱས་ན་མི་ཐེངས་ཁྲི་1ལྷག་ཙམ་ཟིན་གྱི་ཡོད།རྟེན་རྫས་བཤམས་མཛོད་ཁང་དེ་མི་རིགས་མཐུན་སྒྲིལ་གྱི་ཚབ་མཚོན་ཞིག་ཡིན་པར་མ་ཟད།བོད་སྐྱོར་གྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་རེད།དེ་བས་གལ་འགངས་ཆེ་བ་ཞིག་ནི་ལོ་ངོ་60ཡི་རིང་བོད་ཀྱི་དཔལ་འབྱོར་དང་།སྤྱི་ཚོགས།རིག་གནས་བཅས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་རྟེན་རྫས་བཤམས་མཛོད་ཁང་དེའང་བོད་ཀྱི་ཁྱབ་ཁོངས་ཁག་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཏུ་གྱུར་ཡོད།ང་ཚོས་རིག་གནས་ཀྱི་འཐབ་ས་དེར་བརྟེན་ནས་བོད་ཀྱི་འཕེལ་རྒྱས་དང་ལྷ་སའི་གཏམ་རྒྱུད་དེ་བས་མང་བ་ཤོད་འདོད་ཡོད་ལ།མི་དེ་བས་མང་བས་གངས་ལྗོངས་གནའ་གྲོང་གི་གནས་མཆོག་ལྷ་ས་ཤེས་རྟོགས་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་པའི་བོད་ཀྱི་སྐར་མའི་གོ་ལའི་གནམ་དཔྱད་ཉམས་ལེན་ཁང་ནི་མིག་སྔར་བོད་ཀྱི་གནམ་དཔྱད་གཙོ་དོན་དུ་བྱས་པའི་ཉམས་ལེན་ཁང་གཅིག་པུ་དེ་རེད།འགྲེམས་ཁང་དེར་གཙོ་དོན་འགྲེམས་ཁུལ་16དང་འགྲེམས་སྟོན་རྣམ་གྲངས་52ཡོད་པ་དང་།དེ་དག་བོད་ཀྱི་གནམ་རིག་སྐར་རྩིས་དང་།བོད་ལུགས་གསོ་རིག བོད་སྨན།སའི་གོ་ལ་དང་ཟླ་བའི་གོ་ལའི་མ་ལག ཟླ་དཔྱད་འདུ་འགོད་སོགས་ཀྱི་ནང་དོན་ཚུད་ཡོད་པར་མ་ཟད།3Dཟློས་གར་ཁང་དང་།སྤོར་དབྱིབས་ཡོལ་བའི་འཁྲབ་སྟོན་ཁང་།གནམ་རིག་ལྟ་དཔྱད་ཚད་འཇལ་ལས་སྟེགས་སོགས་བཀོད་སྒྲིག་བྱས་པས།ཚན་རྩལ་དང་།རིག་གནས།ཡུལ་སྐོར་བཅས་ཟུང་འབྲེལ་གྱི་དམིགས་བསལ་ཉམས་ལེན་བྱེད་སྟངས་ཤིག་ཆགས་ཡོད་པ་རེད།
བོད་ལྗོངས་སྐར་མའི་གོ་ལའི་གནམ་དཔྱད་ཉམས་ལེན་ཁང་གི་ཁྲོམ་རའི་འགན་འཁུར་བ་ཧྲན་ཝུའུ་ཡིས་ལུས་རྩལ་ཁང་གིས་ཚན་རྩལ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་བོད་ཀྱི་གནམ་དཔྱད་ཡུལ་སྐོར་དང་།ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར།ཚན་རིག་ཁྱབ་གདལ་ཡུལ་སྐོར་བཅས་ཀྱི་མིང་བྱང་གསར་པ་བཏོད་ཡོད།མིག་སྔའི་བར།ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་30ལ་སྣེ་ལེན་ཞུས་པ་རེད།ང་ཚོས་ཀྱང་ཞིབ་སློབ་ཡུལ་སྐོར་དང་།ཚན་རིག་ཁྱབ་གདལ་ཡུལ་སྐོར།དེ་བཞིན་ཏང་འཛུགས་སྐྱོང་གི་བྱེད་སྒོའི་ནང་དོན་ཁ་ཤས་གསར་སྤེལ་བྱས་ཡོད།འབྱུང་འགྱུར།ང་ཚོས་བོད་ཡོངས་ཀྱི་ཞིབ་འཇུག་དང་སློབ་སྦྱོང་གི་ལམ་ཐིག་རྒྱ་ཆེར་གཏོང་བ་དང་།སློབ་གྲྭ་དང་སློབ་གསོའི་སྒྲིག་གཞི་དང་མཉམ་ལས་གཏིང་ཟབ་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིབ་འཇུག་དང་སློབ་སྦྱོང་གི་སྤུས་རྟགས་གཏོད་རྩིས་ཡོད་ཅེས་བཤད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དེ་ཐོན་ལས་སྣ་མང་ཅན་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ནི་ལྷ་སའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་གྲས་ཤིག་རེད།དངོས་ལྗོངས་ཟློས་གར་དེས་འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་གཉེན་ཉེའི་ལོ་རྒྱུས་གཙོ་དོན་དུ་བྱས་ནས་བོད་ཀྱི་མི་རིགས་མང་པོའི་རིག་གནས་དང་།ཡུལ་སྲོལ།རང་བྱུང་མཛེས་ལྗོངས་བཅས་མངོན་པར་བྱས་པ་དང་།དེའི་ནང་མངོན་མིན་རིག་གནས་ཤུལ་བཞག་རིགས་བཅུ་གྲངས་ཚུད་ཡོད་པས།ལྷ་སའི་ཡུལ་སྐོར་བྱ་ཡུལ་གྱི་རྣམ་གྲངས་ཤིག་ཏུ་གྱུར་ཡོད།ལེ་ལག་ཚང་བའི་ཡུལ་སྲོལ་ཁྲོམ་གཞུང་དང་།གཙོ་དོན་སྤྱི་གླིང་།མཚན་མོའི་བྱེད་སྒོ་བཅས་ཀྱིས་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་དང་མཚན་མོའི་དཔལ་འབྱོར་ཐད་གསོན་ཤུགས་ཆེས་ཆེར་འཕེལ་ཡོད། 《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་པའི་ཁྲོད་ས་གནས་འདི་གའི་ཞིང་འབྲོག་པས་བརྒྱ་ཆ་97བཟུང་བ་དང་། འཁྲབ་སྟོན་པ་800ལྷག་ཙམ་ཟིན་པ།མི་རེའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་4000བར་མཐོ་རུ་ཕྱིན་ཡོད།ཐད་ཀར་དང་གཞན་བརྒྱུད་སྐུལ་ཁྲིད་འོག་ལས་ཞུགས་མི་ཐེངས་ཁྲི་ཡན་ཐུབ་པ་དང་རིམ་རྩིས་བྱས་ན་གླ་ཕོགས་སྒོར་དུང་ཕྱུར་5ལས་བརྒལ་ཡོད་པ་རེད།གཞན་ཡང་།རྣམ་གྲངས་དེས་ལེ་ལག་ཚང་བའི་ཁྲོམ་གཞུང་དུ་སྤྲོ་གསེང་ཁྱིམ་ཚང་མགྲོན་ཁང་དང་།ཚོང་འདུས། སྒོར་གཞས་PKསོགས་སྤྲོ་གསེང་རོལ་རྩེད་བྱེད་སྒོ་སྤེལ་ནས་ཉེ་འཁོར་གྱི་གྲོང་མིར་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་དང་མཛེས་ལྗོངས་ཁུལ་གཉེར་སྐྱོང་སོགས་ཀྱི་ལས་གནས་འབོར་ཆེན་མཁོ་འདོན་བྱས་པ་དང་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་བརྟན་པོ་བྱུང་ཡོད།
《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་ལ་མ་ཞུགས་གོང་བདེ་སྐྱིད་ནི་ཚེ་མཆོག་གླིང་གྲོང་ཚོའི་གྲོང་མི་དཀྱུས་མ་ཞིག་ཡིན་ཞིང་།ཁོང་གིས་གསར་འགོད་པར་རང་ཉིད《འུན་ཤིང་ཀོང་ཇོའི》དངོས་ལྗོངས་ཟློས་གར་ཁང་དུ་ལས་ཀ་བྱས་ནས་ལོ་13ཕྱིན་སོང་།ང་རང་ཡང་ཞབས་བྲོར་ཧ་ཅང་དགའ་པོ་ཡོད།ཟློས་གར་ནང་ལྷ་མོ་འཁྲབ་ཀྱི་ཡོད།ང་ཚོའི་གྲོང་ཚོར་ཡང་གྲོང་མི་མང་པོ་ཞིག་འདི་གར་ལས་ཀ་བྱེད་ཀྱི་ཡོད།ང་ཚོར་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བརྟན་པོ་ཞིག་དང་ཡོང་འབབ་ཡག་པོ་ཡོད་པས།དེ་དག་ཚང་མ་ཏང་གི་བཀའ་དྲིན་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》2013ལོའི་ཟླ་8ཚེས་1ཉིན་འཁྲབ་སྟོན་བྱས་པ་ནས་ད་བར་འཁྲབ་སྟོན་བྱེད་ཐེངས་ཁྱོན་2200ལྷག་ཙམ་ཟིན་པ་དང་།རྣམ་གྲངས་དང་དེ་བཞིན་ལེ་ལག་ཚང་བའི་ཁྲོམ་གཞུང་དང་གླིང་ཁུལ་གྱིས་རིམ་རྩིས་བྱས་ན་ལྟད་མོ་བ་མི་ཐེངས་ཁྲི་3200ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།ཉེ་བའི་ལོ་ཤས་རིང་།ན་གཞོན་ཡུལ་སྐོར་བས་བཟུང་བའི་བསྡུར་ཚད་མང་དུ་ཕྱིན་པ་དང་།ཕྱི་རྒྱལ་གྱི་ཡུལ་སྐོར་བའི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ།འགྲུལ་ཁུངས་ཀྱི་ས་ཆའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།འགྱུར་ལྡོག་དེ་དག་ལས་ལྷ་སའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་དང་།ཡུལ་སྐོར་ཐོན་རྫས་སྣ་མང་ཅན།ཡུལ་སྐོར་ཁྲོམ་ར་རྒྱལ་སྤྱི་ཅན་བཅས་མངོན་ཡོད།
ལྷ་ས་གྲོང་ཁྱེར་ཧོ་མེ་པོ་ཏ་ལ་རིག་གནས་གསར་གཏོད་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཝུན་པིང་གིས་ལོ་ངོ་60ཡི་རིང་།བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་མི་རྣམས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད།འབྱུང་འགྱུར།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་།རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་ནང་དོན་གོང་མཐོར་གཏོང་བ།ཡུལ་སྐོར་ལ་བརྟེན་ནས་རིག་གནས་བརྒྱུད་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ལ།རིག་གནས་ཡུལ་སྐོར་ཐོན་རྫས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱེད་པ་དང་། མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་ལེ་ལག་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཞབས་ཞུའི་མི་སྣའི་ཆེད་ལས་བྱང་ཚད་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཡུལ་སྐོར་བར་དེ་བས་སྟབས་བདེ་དང་།སྐྱིད་སྣང་དོད་པ།རང་གཤིས་ཅན་བཅས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཞེས་བཤད།
འགོ་འཛུགས་ས་གསར་པའི་ཐོག་ནས་བོད་ཀྱིས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་མགྱོགས་མྱུར་བསྐྲུན་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སྔོ་ཞིང་དྭངས་བའི་རི་ཆུ་དང་།ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་དེ་མི་རིགས་ཁག་གི་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་གསེར་རི་དངུལ་རིར་འགྱུར་བར་བྱེད་བཞིན་ཡོད།མཐུན་སྒྲིལ་དང་།འབྱོར་ཕྱུག ཤེས་དཔལ།ཞི་མཐུན།མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པས་སྒོ་དབྱེ་དང་གདེང་ཚོད་དེ་བས་ཆེ་བའི་རྣམ་པའི་ཐོག་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་བསུ་བ་ཞུ་རྒྱུ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社