ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང(ཟླ་10ཚེས་1ཉིན་ནས་ཚེས་8ཉིན་བར)སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་ཏེ་འགྲོ་སྐྱོད་བྱེད་མཁན་རིམ་རྩིས་བྱས་པ་ལྟར་ན་མི་ཐེངས་དུང་ཕྱུར་24.33ཟིན་ཡོད་པ་དང་། ཉིན་རེའི་ཆ་སྙོམས་མི་ཐེངས་དུང་ཕྱུར་3.04ཟིན་པ་དེ་2024ལོའི་ཉིན་རེའི་ཆ་སྙོམས་དུས་མཚུངས་ལས་བརྒྱ་ཆ་6.3འཕར་ཡོད་པ་རེད།
རིམ་རྩིས་བྱས་པ་ལྟར་ན། ལྕགས་ལམ་ཐོག་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི་15396ཟིན་པ་དང་། ཉིན་རེའི་ཆ་སྙོམས་མི་ཐེངས་ཁྲི་1924ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་2.6འཕར་ཡོད། ཆུ་ལམ་ཐོག་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི་1166ཟིན་པ་དང་། ཉིན་རེའི་ཆ་སྙོམས་མི་ཐེངས་ཁྲི་146ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་4.1འཕར་ཡོད། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི་1914ཟིན་པ་དང་། ཉིན་རེའི་ཆ་སྙོམས་མི་ཐེངས་ཁྲི་239ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་3.3འཕར་ཡོད།
གཞུང་ལམ་ཐོག་འགྲོ་སྐྱོད་བྱེད་ཚད་ཁྱོན(མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མའི་ཐོག་ཚོང་གཉེར་རང་བཞིན་མིན་པའི་རླངས་འཁོར་ཆུང་གྲས་ལ་བརྟེན་ནས་འགྲོ་སྐྱོད་བྱེད་ཚད་དང་གཞུང་ལམ་ཐོག་ཚོང་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་ཚུད་ཡོད)མི་ཐེངས་ཁྲི་224841ཟིན་པ་དང་། ཉིན་རེའི་ཆ་སྙོམས་མི་ཐེངས་ཁྲི་28105ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་6.6འཕར་ཡོད་ཅིང་། དེའི་ནང་ནས་གཞུང་ལམ་ཐོག་ཚོང་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་རིམ་རྩིས་བྱས་ན་མི་ཐེངས་ཁྲི་30677ཟིན་པ་དང་། ཉིན་རེའི་ཆ་སྙོམས་མི་ཐེངས་ཁྲི་3835ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་2.9འཕར་ཡོད། མྱུར་བགྲོད་ལམ་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མའི་ཐོག་ཚོང་གཉེར་རང་བཞིན་མིན་པའི་རླངས་འཁོར་ཆུང་གྲས་ལ་བརྟེན་ནས་འགྲོ་སྐྱོད་བྱེད་ཚད་རིམ་རྩིས་བྱས་ན་མི་ཐེངས་ཁྲི་194164ཟིན་པ་དང་། ཉིན་རེའི་ཆ་སྙོམས་མི་ཐེངས་ཁྲི་24271ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་7.2འཕར་ཡོད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社