གླེང་གཞི།
རྒྱ་བོད་ཡིག་སྒྱུར་ནི་དེང་གི་དུས་སུ་སྤྱོད་པའི་ཡིག་སྒྱུར་ཁྲོད་ནས་ཆེས་རྒྱུན་ལྡན་དུ་གྱུར་བའི་ཡིག་སྒྱུར་གྱི་ལས་ཤིག་ཡིན་པ་དང་། འདི་ལ་ཡིག་སྒྱུར་བྱེད་མཁན་མང་བ་དང་། བསྒྱུར་བྱའི་ནང་དོན་ཁྱབ་ཆེ་བ། སྒྱུར་ཐབས་སྣ་མང་བ། འགྱུར་མི་འདྲ་བ་ཅི་རིགས་ཡོད་པ་བཅས་ཀྱི་ཁྱད་ཆོས་མི་ཉུང་བ་ཞིག་ཡོད། དེའི་ཕྱིར་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཡང་འགྱུར་དག་མ་དག་སོགས་གནས་ཚུལ་མང་པོ་ཐོན་བཞིན་མཆིས། སྒོས་སུ་རྒྱ་བོད་ཡིག་སྒྱུར་ལས་ཚིག་གི་སྒྱུར་ཐབས་ཁྲོད་ཀྱི་ཚིག་སྦྲགས་མ་ཡིག་སྒྱུར་བྱེད་སྐབས་ཚིག་དོན་སྔ་ཕྱིའི་འབྲེལ་བར་རྒྱུས་མངའ་མེད་པ་དང་། ཚིག་སྦྲགས་མའི་ཁོངས་གང་ལ་གཏོགས་མིན་གསལ་པོར་མ་ཤེས་པ། བོད་ཡིག་ཁྲོད་ཀྱི་ཚིག་ཕྲད་གང་དག་སྤྱོད་དགོས་པ་སོགས་མ་ཤེས་པའི་དབང་གིས་འགྱུར་མ་དག་པ་མང་པོ་ཞིག་ཐོན་བཞིན་མཆིས། དེ་བས་ངས་ལོ་མང་རིང་ཡིག་སྒྱུར་གྱི་ལས་ཀ་གཉེར་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། ཚིག་སྦྲགས་མའི་སྒྱུར་ཐབས་སྐོར་ལས་ཚིག་ཕྲད་དངོས་སུ་སྦྱར་ཡོད་པའི་ཚིག་སྦྲགས་མའི་སྐོར་ལ་རང་བློས་དཔག་ཚོད་ཀྱིས་དཔྱད་པ་རོབ་ཙམ་གཏོང་བར་འདོད་པ་གཤམ་གསལ་ལྟར།
དང་པོ། ཚིག་སྦྲགས་མའི་གོ་དོན་དང་དེའི་དབྱེ་བའི་སྐོར།
ཚིག་སྦྲགས་མ་ཞེས་པ་ནི་རྒྱ་ཡིག་གི“复句”ཞེས་པ་དེ་ཡིན་ཞིང་། འདི་ཉིད་རྒྱ་བོད་ཡིག་རིགས་གཉིས་ཀའི་བརྡ་སྤྲོད་ཀྱི་ཁྲོད་དུ་ཚིག་གི་རྣམ་གཞག་གལ་ཆེན་ཞིག་ཡིན་ལ། དེའི་འཇུག་ཚུལ་དང་སྦྱོར་སྟངས་སོགས་ལ་མཐུན་པའི་ཆ་མང་པོ་ཡོད་པ་དང་། ཕན་ཚུན་ཡིག་སྒྱུར་བྱེད་པའི་མཐུན་རྐྱེན་གལ་ཆེན་ཞིག་ཏུ་ཡང་གྲུབ་ཡོད། ཚིག་སྦྲགས་མ་འདི་ལ་དེང་སྐབས་ཀྱི་ཡིག་སྒྱུར་གཞུང་ལུགས་རེ་འགའི་ནང་ཚིག་འདུས་མ་ཞེས་ཀྱང་བརྗོད། དེས་ན་ཡང་སྙིང་ཅི་ཞིག་ལ་ཚིག་སྦྲགས་མ་ཟེར་ཞེ་ན། “ཚིག་རྐྱང་མ་གཉིས་སམ་དུ་མ་འདུས་པ་ལས་གྲུབ་པའི་བརྗོད་དོན་ལྟོས་གྲུབ་ཅན་གྱི་རྗོད་བྱེད་ཀྱི་སྒྲའི་ཚོགས་པ་ཞིག་ལ་བྱ”①ཞེས་གསུངས་པ་བཞིན་དེ་ནི་ཚིག་རྐྱང་པའམ་ཚིག་ཚན་གཉིས་དང་། ཡང་ན་གཉིས་ཡན་ཆད་ཀྱིས་གྲུབ་པ་ཞིག་ཡིན་པར་མ་ཟད། ཚིག་ཚན་ཕན་ཚུན་བར་ལ་ཡང་གཅིག་ལ་གཅིག་རྟེན་གྱིས་གྲུབ་པ་དང་། སྒྲིག་གཞི་ལྟོས་ཀྱིས་རང་ཚུགས་སུ་གནས་པའི་བདག་ཉིད་ཅན་ཞིག་ཡིན་པ། ཚིག་ཚན་སྔ་ཕྱིའི་བར་གྱི་འབྲེལ་བར་དམིགས་ནས་ཚིག་ཚན་སྔའི་ཕྱིའི་བར་དུ་སྦྲེལ་ཚིག(关联词)གང་རུང་དངོས་སུ་སྦྱར་མ་སྦྱར་གང་རུང་ཡོད་པ་ཞིག་ཡིན།
གཞན་ཡང་། ཚིག་སྦྲགས་མའི་རིགས་ཀྱི་དབྱེ་བའི་སྐོར་ལ། ཚིག་ཚན་སྔ་ཕྱིའི་འབྲེལ་བར་དམིགས་ཏེ། “ད་ཡོད་མཐོང་ཐོས་སུ་གྱུར་པའི་རྒྱའི་བརྡ་སྤྲོད་གཞུང་ལུགས་གང་མང་གུང་བསྡུར་ནས་དཔྱད་ཚེ། ཚིགས་འདུས་མའི(ཚིག་སྦྲགས་མ)དབྱེ་བ་དགར་སྟངས་དེར་རིགས་གཙོ་བོ་གཉིས་ཡོད་དེ། 《དེང་རབས་རྒྱའི་སྐད་ཡིག་གི་བརྡ་སྤྲོད་དངོས་སྤྱོད》དང《དེང་རབས་རྒྱའི་སྐད་ཡིག》 《རྒྱའི་སྐད་ཡིག་གི་བརྡ་སྤྲོད་གསར་བསྒྲིགས》སོགས་སུ་ཚིག་འདུས་མའི་ཚིག་ཚན་སྔ་ཕྱིའི་འབྲེལ་བ་མི་འདྲ་བར་གཞིགས་ནས་ཆེ་ཕྱོགས་སུ་མཉམ་འབྲེལ་ཚིག་འདུས(联合复句)དང་གཙོ་ཕལ་ཚིག་འདུས(偏正复句)ཞེས་པ་གཉིས་དང་། ནང་གསེས་སུ་སྔ་མ་ལ་མཉམ་ཞིབ་ཚིག་འདུས་དང་། ཕྲེང་འབྲེལ་ཚིག་འདུས། རིམ་འཇུག་ཚིག་འདུས། གདམ་གསེས་ཚིག་འདུས་བཅས་བཞི་ཡོད་པ་དང་། ཕྱི་མ་ལ་འགལ་དོན་ཚིག་འདུས་དང་། རྐྱེན་རྫོགས་ཚིག་འདུས། བརྟག་པ་མཐའ་བཟུང་གི་ཚིག་འདུས། རྒྱུ་འབྲས་ཚིག་འདུས། དམིགས་གཏད་ཚིག་འདུས་བཅས་ལྔ་རུ་དགར་ཡོད། ཡང《དེང་རབས་རྒྱའི་སྐད་ཡིག་གི་བརྡ་སྤྲོད》དང《སློབ་ཆེན་སྐད་ཡིག་གི་རྨང་གཞི》《བརྡ་སྤྲོད་དང་ཚིག་རྒྱན་གཏན་ཚིགས་གོ་བདེར་བཤད་པ》སོགས་སུ་ཚིག་འདུས་མ་ལ་སྤྱིའི་ཆ་ནས་དབྱེ་བ་རིགས་དགུར་དབྱེ་ཞིང་།དེ་ལས་སྐོར་ཞིག་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཕྱེས་ཡོད”②ཞེས་གསུངས་པར་གཞིགས་ན། རིགས་དགུ་རུ་དབྱེ་བ་ནི་མང་ཆེ་བའི་བཞེད་དགོང་དང་མཐུན་ཡོད། འོན་ཀྱང་རིགས་སོ་སོའི་བརྗོད་དོན་འདྲ་ཡང་བོད་སྐད་དུ་མིང་འདོགས་ལུགས་ཅུང་ཟད་མི་འདྲ་བ་ཡོད་པ་སྟེ།
རྒན་འབའ་སྟོད་ཚེ་དབང་རྡོ་རྗེ་ལགས་ཀྱིས“并列复句”ལ་འདྲ་མཉམ་ཚིག་སྦྲགས་དང་།“连贯复句”ལ་རིམ་བརྗོད་ཚིག་སྦྲགས། “选择复句”ལ་གདམ་བསལ་ཚིག་སྦྲགས། “递进复句”ལ་སྟོབས་འཕེལ་ཚིག་སྦྲགས། “转折复句”ལ་འགལ་དོན་ཚིག་སྦྲགས། “假设复句”ལ་ཆ་འཇོག་ཚིག་སྦྲགས།“条件复句”ལ་ཆ་རྐྱེན་ཚིག་སྦྲགས། “因果复句”ལ་རྒྱུ་འབྲས་ཚིག་སྦྲགས། “目的复句”ལ་དམིགས་གཏན་ཚིག་སྦྲགས་ཞེས་མིང་བཏགས་ཡོད།
རྒན་རིག་འཛིན་ལཊ་ཀྱིས“并列复句”ལ་མཉམ་གཤིབ་ཚིག་འདུས་དང་། “连贯复句”ལ་ཕྲེང་འབྲེལ་ཚིག་འདུས། “选择复句”ལ་གདམ་གསེས་ཚིག་འདུས། “递进复句”ལ་རིམ་འཇུག་ཚིག་འདུས། “转折复句”ལ་འགལ་དོན་ཚིག་འདུས། “假设复句”ལ་བརྟག་པ་མཐའ་བཟུང་གི་ཚིག་འདུས། “条件复句”ལ་རྐྱེན་རྫོཊ་ཚིག་འདུས། “因果复句”ལ་རྒྱུ་འབྲས་ཚིག་འདུས། “目的复句”ལ་དམིཊ་གཏད་ཚིག་འདུས་ཞེས་མིང་བཏཊ་ཡོད་པ་ལྟ་བུའོ།།ཁོ་བོས་མང་ཆེ་བའི་བརྗོད་སྲོལ་ལྟར“复句”ལ་ཚིག་སྦྲཊ་མ་ཞེས་བརྗོད་པ་ཡིན་ནོ།།
རིགས་དགུ་རུ་དབྱེ་བ་དེ་ཡང་སྦྲེལ་ཚིག་སྦྱར་ཡོད་མེད་ཀྱི་ཆ་ནས། སྦྲེལ་ཚིག(关联词)དངོས་སུ་སྦྱར་ཡོད་པའི་ཚིག་སྦྲགས་མའི་སྐོར་དང་། སྦྲེལ་ཚིག་དངོས་སུ་སྦྱར་མེད་པའི་ཚིག་སྦྲགས་མའི་སྐོར་ཞེས་རིགས་ཆེ་བ་གཉིས་སུ་དགར་ཆོག་པ་དང་། དེ་རྣམས་ཀྱི་ནང་གསེས་སུ་ཡང་དབྱེ་བ་མང་པོ་དགར་ཆོག འོན་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་རིགས་ཆེ་བ་དང་པོ་གཅིག་པུར་དཔྱད་ཁུལ་བྱས་ཡོད།
གཉིས་པ། སྦྲེལ་ཚིག་དངོས་སུ་སྦྱར་ཡོད་པའི་ཚིག་སྦྲགས་མའི་སྒྱུར་ཐབས་སྐོར་བཤད་པ།
སྦྲེལ་ཚིག་དངོས་སུ་སྦྱར་ཡོད་པའི་ཚིག་སྦྲགས་མ་ཞེས་པ་ནི་ཚིག་ཚན་གཉིས་སམ་གཉིས་ཡན་ཆད་ཀྱིས་གྲུབ་ཅིང་། ཚིག་ཚན་སོ་སོའི་ཐོག་མཐའ་བར་གསུམ་གང་རུང་དུ་སྦྲེལ་ཚིག་གམ་ཡང་ན་ཚིག་ཕྲད་གང་རུང་སྦྱར་ཏེ་བརྗོད་དོན་མི་འདྲ་བ་སྣ་ཚོགས་ཤིག་སྟོན་པར་བྱེད་པའི་རིགས་དེ་རྣམས་ལ་ཟེར་ཞིང་། དཔེར་བརྗོད་དང་འབྲེལ་ནས་བཤད་ན་གཤམ་གསལ་ལྟར་རོ།།
1.འདྲ་མཉམ་ཚིག་སྦྲགས། (并列复句)
དེ་ཡང་འདྲ་མཉམ་ཚིག་སྦྲགས་ཞེས་པ་ནི“ཚིག་ཚན་དུ་མས་བརྗོད་དོན་རིལ་བོ་ཞིག་གི་ཕྱོགས་འགའམ། ཡང་ན་ཕན་ཚུན་སྟོབས་མཉམ་ཅན་གྱི་དོན་དུ་མ་ཞིག་བརྗོད་པར་བྱེད་པ་ལ་ཟེར”③ཞེས་གསུངས་ཞིང་། རྒྱ་ཡིག་གི་ཁྲོད་དུ་རྒྱུན་སྤྱོད་ཀྱི་ཚིག་ཕྲད་རྐྱང་པ“也、还、 又、即、同时”ལྟ་བུ་དང་། ཚིག་ཕྲད་སྦྲགས་མ“即……也、 一方面……一方面、 不是……而是 有的……有的”ལྟ་བུ་སོགས་སྤྱོད་ཀྱིན་ཡོད་པ་དང་།དེ་རྣམས་བོད་སྐད་ཀྱི་ཁྲོད་དུ“ཏེ་དེ་སྟེ”གསུམ་ལྷག་བཅས་དང་། “ཀྱང་ཡང་འང”གསུམ་རྒྱན་སྡུད། “ཅིང་ཞིང་ཤིང”གསུམ་མཚམས་སྦྱོར་གྱི་ཕྲད་སོགས་དང་། “དེ་དང་ཆབས་ཅིག་ཏུ”དང་། “མ་ཟད”“ད་དུང”“ཕྱོགས་གཅིག་ནས་……ཕྱོགས་གཞན་ཞིག་ནས” “ཕར་བཞག” “ཅིག་ནི་……ཅིག་ཤོས་ནི”ཞེས་པ་སོགས་ཚིག་ཚན་དེའི་བར་མཚམས་སུ་སྦྱར་ཚེ་བརྗོད་དོན་ཁ་གསལ་པོའི་སྒོ་ནས་མཚོན་ཐུབ།
དཔེར་ན།རྒྱ་ཡིག་གི་既能提高业务水平,也能帮助老百姓参与其中。ལྟ་བུ་བོད་ཡིག་ལ། “ལས་རིགས་ཀྱི་ཆུ་ཚད་གོང་མཐོར་གཏོང་ཐུབ་པར་མ་ཟད། མི་དམངས་མང་ཚོགས་དེའི་ནང་ཞུགས་རྒྱུར་རོགས་རམ་ཡང་བྱེད་ཐུབ”ཅེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག་གི“即……也”ཞེས་པ་བོད་ཡིག་ཏུ“མ་ཟད་……ཡང”ཞེས་བསྒྱུར་ན་བརྗོད་དོན་ཁ་གསལ་ལ་གོ་བདེ་བའི་ངང་མཚོན་ཡོད་པས་ཧ་ཅང་ལེཊ་སྙམ།
ཡང་དཔེར་ན། རྒྱ་ཡིག་གི་有的领导干部喜欢做事,有的领导干部喜欢开会。ཞེས་པ་ལྟ་བུ་བོད་ཡིག་ལ།“འགོ་ཁྲིད་ལས་བྱེད་པ་འགའ་ཞིག་ནི་ལས་དོན་བསྒྲུབ་རྒྱུར་དགའ་བ་དང་། འགའ་ཞིག་ནི་ཚོགས་འདུ་འཚོག་རྒྱུར་དགའ”ཞེས་བསྒྱུར་དགོས་པ་དང་།རྒྱ་ཡིག་གི“有的……有的”ཞེས་པ་བོད་ཡིག་ཏུ“འགའ་ཞིག་……འགའ་ཞིག”ཅེས་བསྒྱུར་ན་ཅུམ་འཚམ་པོ་འདུག་སྙམ།
གོང་གསལ་གྱི་དཔེར་བརྗོད་འདི་གཉིས་ལྟ་བུ་ནི་ཚིག་ཚན་ལ་གཙོ་ཕལ་གྱི་དབྱེ་བ་མེད་པ་དང་། ཕན་ཚུན་བར་གྱི་ནང་དོན་དང་སྒྲིག་གཞིའི་འབྲེལ་བ་ནི་སྟོབས་ཉམས་པ་ཞིག་ཡིན་པས། ཚིག་སྔ་ཕྱི་བརྗེ་སྤོར་བརྒྱབ་ཀྱང་བརྗོད་དོན་ལ་འགྱུར་བ་ཆེར་མི་འགྲོ། འདི་ནི་འདྲ་མཉམ་ཚིག་སྦྲགས་ཀྱི་ཁྱད་ཆོས་གཙོ་བོ་དེ་ཡིན། དཔེར་བརྗོད་དེ་རྣམས་ཀྱི་ཁྲོད་དུ“མ་ཟད་……ཡང”དང་། “འགའ་ཞིག་……འགའ་ཞིག”སོགས་སྦྱར་ན་བརྗོད་དོན་རིལ་བོ་ཞིག་གི་ཕྱོགས་འགའམ། ཡང་ན་ཕན་ཚུན་སྟོབས་མཉམ་ཅན་གྱི་དོན་དུ་མ་ཞིག་བརྗོད་ཀྱི་ཡོད་པས་འདྲ་མཉམ་ཚིག་སྦྲགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ།།
2.རིམ་བརྗོད་ཚིག་སྦྲགས། (连贯复句)
དེ་ཡང་རིམ་བརྗོད་ཚིག་སྦྲགས་ཞེས་པ་ནི་གོ་རིམ་ལྟར་བརྗོད་པའི་ཚིག་སྦྲགས་ཞེས་པའི་དོན་ཡིན་པ་དང་། གོ་དོན་ཞིབ་ཏུ་བཤད་ན། “ཚིག་ཚན་དུ་མས་དོན་དང་བྱ་བ་ཞིག་གི་བྱུང་བ་རྣམས་དུས་ཀྱི་སྔ་ཕྱི་དང་གཏན་ཚིགས་ཀྱི་རིམ་པ་ལྟར་མུ་མཐུད་ནས་བརྗོད་ཅིང་། ཚིག་སྔ་ཕྱིའི་གོ་རིམ་ལྡོག་མི་རུང་ལ་ཚིག་ཕྱི་མའི་བརྗོད་དོན་ནི་ཚིག་སྔ་མ་ལས་དོན་ཇེ་ཟབ་དང་། དོན་དག་གི་བབས་ཇེ་ལྕིར་སོང་བའི་དོན་དུ་སྦྱར་བ་ཞིག་ཡིན”④ཞེས་གསུངས་པ་དང་།རྒྱ་ཡིག་གི་ཁྲོད་དུ་རྒྱུན་སྤྱོད་ཀྱི་ཚིག་ཕྲད་རྐྱང་པ“于是、从而、接着、 又、便、再次”ལྟ་བུ་དང་། ཚིག་ཕྲད་སྦྲགས་མ“首先……然后、先说……再说”ལྟ་བུ་སོགས་སྤྱོད་ཀྱིན་ཡོད་པ་དང་།དེ་རྣམས་བོད་སྐད་ཀྱི་ཁྲོད་དུ་“ཀྱང་ཡང་འང”གསུམ་རྒྱན་སྡུད་དང་། “ཏེ་དེ་སྟེ”གསུམ་ལྷག་བཅས་ལས་མཚམས་སྦྱོར་ལྷག་བཅས། “ཅིང་ཞིང་ཤིང”གསུམ་མཚམས་སྦྱོར་ལྷག་བཅས་ལ་འཇུག་ཚུལ”སོགས་དང་། དེ་ནས་གོ་རིམ་བརྗོད་པའི་ཚིག་སྟེ། “སླར་ཡང”དང་། “དེའི་རྗེས” “སྔོན་ལ་……དེ་ནས” “ཐོག་མར་……དེ་ནས་……མཇུག་མཐར”“བྱུང་རྗེས་……དེ་ནས”ཞེས་པ་སོགས་ཚིག་ཚན་དེའི་ཐོག་མཐའ་བར་གསུམ་གང་རུང་དུ་སྦྱར་ནས་མཚོན་པར་བྱེད་དགོས།
དཔེར་ན། རྒྱ་ཡིག་གི་父亲知道卓玛爱吃香蕉,便亲自去买了些香蕉给卓玛。ཞེས་པ་ལྟ་བུ་བོད་ཡིག་ལ། “ཨ་ཕས་སྒྲོལ་མས་ངང་ལག་ཟ་རྒྱུར་དགའ་བ་ཤེས་ནས་སྐུ་ངོ་མས་ངང་ལག་འགའ་ཉོས་ཏེ་སྒྲོལ་མར་སྤྲད་པ་རེད”ཅེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག་“便”ཞེས་པ་དེ་བོད་ཡིག་ཏུ“ནས”སྒྲར་སྒྱུར་ན་ཧ་ཅང་ལེགས་སྙམ།
ཡང་དཔེར་ན། རྒྱ་ཡིག་གི་首先学习理论知识,然后与实践相结合。ཞེས་པ་ལྟ་བུ་བོད་ཡིག་ལ། “ཐོག་མར་གཞུང་ལུགས་ལ་སློབ་སྦྱོང་བྱེད་དགོས་པ་དང་། དེ་ནས་ལག་ལེན་དང་ཟུང་འབྲེལ་བྱ་དགོས”ཞེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག“首先……然后”ལྟ་བུ་བོད་ཡིག་ཏུ“ཐོག་མར……དེ་ནས”ལྟ་བུར་བསྒྱུར་དགོས། དཔེར་བརྗོད་འདིའི་ནང་གི་ཚིག་ཚན་གྱི་སྔ་ཕྱི་ཕན་ཚུན་བརྗེ་སྤོར་རྒྱག་མི་ཆོག འདི་ནི་ཚིག་སྦྲགས་འདིའི་ཁྱད་ཆོས་ཤིག་ཡིན།
གོང་གསལ་གྱི་དཔེར་བརྗོད་དེ་རྣམས་ཀྱི་ཁྲོད་དུ“ནས”སྒྲ་དང་། “ཐོག་མར……དེ་ནས”སོགས་སྦྱར་ན་དོན་དང་བྱ་བ་ཞིག་གི་བྱུང་བ་རྣམས་དུས་ཀྱི་སྔ་ཕྱི་དང་གཏན་ཚིགས་ཀྱི་རིམ་པ་ལྟར་མུ་མཐུད་ནས་བརྗོད་ཀྱིན་ཡོད་པས་རིམ་བརྗོད་ཚིག་སྦྲགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ།།
3.གདམ་ང་ཚིག་སྦྲགས། (选择复句)
དེ་ཡང་གདམ་ང་ཚིག་སྦྲགས་ཞེས་པ་ནི“ཚིག་ཚན་གཉིས་སམ་དུ་མས་དོན་དང་བྱ་བ་འགའ་བརྗོད་པ་ལ། དེ་དག་ལས་ཁག་གཅིག་གདམ་གསེས་བྱེད་པའམ། གཅིག་ཡིན་པར་ཐག་བཅད་པའམ། ཡང་ན་དོན་དེ་དག་གཤིབ་བསྡུར་སྒོས་ཕྲེང་བར་བསྟར་ཞིང་། ཚིག་ཚན་སྔ་མའི་མཐར་གམ་སོགས་ཀྱི་སྒྲ་གང་རུང་དང་། ཕྱི་མའི་འགོར་ཡང་ན་སྒྲ་གང་བདེར་སྦྱར་ནས་གདམ་ངའི་རྒྱུ་མཚན་མཚོན་བྱེད་དུ་སྣང་བ་ཞིག་ཡིན”⑤ཞེས་གསུངས་པ་དང་། རྒྱ་ཡིག་གི་ཁྲོད་དུ་རྒྱུན་སྤྱོད་ཀྱི་ཚིག་ཕྲད་རྐྱང་པ“或者、或是、还不如”ལྟ་བུ་དང་། ཚིག་ཕྲད་སྦྲགས་མ“不是……就是、要么……要么、宁可……也、 与其……宁可”ལྟ་བུ་སོགས་སྤྱོད་ཀྱིན་ཡོད་པ་དང་།དེ་རྣམས་བོད་སྐད་ཀྱི་ཁྲོད་དུ“གམ”སོགས་འབྱེད་སྡུད་ཀྱི་ཕྲད་ལས་གདམ་ང་ལ་འཇུག་པ་དང་། “ཀྱང་ཡང་འང”གསུམ་རྒྱན་སྡུད་ལས་མི་མཐུན་པའི་རྒྱན་ལ་འཇུག་པ། “ལས”སྒྲ་རིགས་མི་མཐུན་པར་དགར་བ་བཅས་དང་། ད་དུང་གདམ་ང་སྟོན་པའི“ཡང་ན”དང་། “ཡང་མིན་ན” “……ལས……དགའ”ཞེས་པ་སོགས་སྦྱར་ནས་མཚོན་པར་བྱེད་དགོས།
དཔེར་ན། རྒྱ་ཡིག་གི་咋们要么坐火车走,要么坐汽车走。ཞེས་པ་ལྟ་བུ་བོད་ཡིག་ལ། “ང་ཚོ་ཡང་ན་མེ་འཁོར་བསྡད་ནས་འགྲོ། ཡང་ན་རླངས་འཁོར་བསྡད་ནས་འགྲོ”ཞེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག“要么……要么”ཞེས་པ་དེ་བོད་ཡིག་ཏུ“ཡང་ན་……ཡང་ན”ཞེས་སྒྱུར་ན་མ་ཡིག་གི་བསྟན་དོན་ཇི་བཞིན་དུ་མཚོན་ཐུབ་སྙམ།
ཡང་དཔེར་ན། རྒྱ་ཡིག་གི་在时间问题上,与其准备短些,宁可准备长些;在工作问题上,与其看得容易些,宁可看得困难些。ཞེས་པ་ལྟ་བུ་བོད་ཡིག་ལ། “དུས་ཚོད་ཀྱི་གནད་དོན་ཐད་ཡུན་ཐུང་གི་གྲ་སྒྲིག་བྱེད་པ་ལས་ཡུན་རིང་གི་གྲ་སྒྲིག་བྱས་ན་དགའ། ལས་ཀའི་གནད་དོན་ཐད་ལས་སླ་ཙམ་ཞིག་ཏུ་ལྟ་བ་ལས་དཀའ་ཚེགས་ཆེ་ཙམ་ཞིག་ལ་བལྟས་ན་དགའ”ཞེས་བསྒྱུར་དགོས་པ་དང་། དེའི་ནང་གི་རྒྱ་ཡིག“与其先……宁可”ལྟ་བུ་བོད་ཡིག་ཏུ“ལས་……ན་དགའ”ལྟ་བུར་བསྒྱུར་དགོས།
གཞན་ཡང་བོད་རང་གི་སྐད་ཀྱི་འགྲོ་ལུགས་ལྟར་ཚིག་སྔ་ཕྱིའི་གོ་རིམ་བརྗེ་སྤོར་བརྒྱབ་ནས་སྒྱུར་ཆོག་པའི་རིགས་ཤིག་ཀྱང་ཡོད་པ་སྟེ།དཔེར་ན། རྒྱ་ཡིག་གི་宁愿站着死,不愿跪着活。ལྟ་བུ་བོད་ཡིག་ཏུ“པུས་མོ་ས་ལ་བཙུགས་ནས་གསོན་པོར་གནས་པ་ལས་ལངས་ནས་ཤི་ན་དགའ”ཞེས་བསྣོལ་བསྒྱུར་གྱི་ཐབས་སྤྱད་ན་ཡང་ཧ་ཅང་ལེགས། འདིའི་རིགས་ལ“རྒྱ་ཡིག་དང་བོད་ཡིག་གི་སྐད་ཆ་བཤད་སྟངས་དང་བརྡ་སྤྲོད་སྟངས་ལ་གཞིགས་ནས་རྒྱ་ཡིག་གི་ཚིག་ཁ་ཤས་བོད་ཡིག་ཏུ་བསྒྱུར་སྐབས། མ་ཡིག་གི་གོ་རིམ་ཡོངས་སུ་གཏོར་ནས་ཡང་བསྐྱར་གོ་རིམ་བསྒྲིགས་ཏེ་བསྒྱུར་དགོས་པ་ཡིན། དེ་ལྟར་བསྒྱུར་བའི་དམིགས་ཡུལ་ནི་བོད་ཡིག་གི་འགྱུར་ཡིག་ཀློག་བདེ་ཞིང་ནང་དོན་གོ་སླ་བ་དང་། ཚིག་རྒྱན་གྱི་ཉམས་ཐོན་པ་སོགས་ཀྱི་ཆེད་ཡིན”⑥ཞེས་གསུངས་ཡོད་དོ།།
གོང་གསལ་གྱི་དཔེར་བརྗོད་དེ་རྣམས་ནི་ཚིག་ཚན་སྔ་ཕྱི་གཉིས་ཀ་བརྗོད་དོན་མི་འདྲ་བ་རེ་བརྗོད་ཀྱིན་ཡོད་མོད། བར་དུ“ཡང་ན་……ཡང་ན”དང་། “……ལས་……དགའ” “ནས”སོགས་སྦྱར་ན་གདམ་ངའི་དོན་ལ་འཇུག་པ་ཡིན་པས། གདམ་ང་ཚིག་སྦྲགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ།།
4.སྟོབས་འཕེལ་ཚིག་སྦྲགས། (递进复句)
དེ་ཡང་སྟོབས་འཕེལ་ཚིག་སྦྲགས་ཞེས་པ་ནི“ཚིག་ཚན་སྔ་མ་བལྟོས་པས་ཕྱི་མ་ཕྱི་མའི་བསྟན་དོན་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འཕེལ་བ་སྟེ། གནས་སྐབས་ཀྱི་བརྗོད་དོན་དེ་ཆུང་བ་ནས་ཆེ་བ་དང་། དམའ་བ་ནས་མཐོ་བ། སླ་བ་ནས་དཀའ་བར་འཕེལ་བའི་ཚིག་སྦྲགས་ཀྱི་རིགས་ལ་བྱ”⑦ཞེས་གསུངས་པ་དང་། རྒྱ་ཡིག་གི་ཁྲོད་དུ་རྒྱུན་སྤྱོད་ཀྱི་ཚིག་ཕྲད་རྐྱང་པ“并且、何况、甚至、还、进一步”ལྟ་བུ་དང་། ཚིག་ཕྲད་སྦྲགས་མ“不但……而且、尚且……何况、不但……还、 不光……也”ལྟ་བུ་སོགས་སྤྱོད་ཀྱིན་ཡོད་པ་དང་།དེ་དག་བོད་སྐད་ཀྱི་ཁྲོད་དུ“མ་ཟད”དང་།“ཐ་ན”“ད་དུང”“ཁྱད་པར་དུ”“ལྷག་པར་དུ”“སྒོས་སུ”“དེབ་བས་ཀྱང”“སྔར་བས་ཀྱང”“སྔར་ལས” “ན་སྒྲ”“བཤད་མ་དགོས”“སྨོས་ཅི་དགོས”སོགས་སྦྱར་ནས་མཚོན་པར་བྱེད་དགོས།
དཔེར་ན། རྒྱ་ཡིག་གི་我们不但要敢于批评,还要善于批评。ཞེས་པ་ལྟ་བུ་བོད་ཡིག་ལ། “ང་ཚོ་སྐྱོན་བརྗོད་བྱེད་ཕོད་པར་མ་ཟད། སྐྱོན་བརྗོད་བྱེད་མཁས་པོ་ཡང་བྱེད་དགོས”ཞེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག“不但……还”ཞེས་པ་དེ་བོད་ཡིག་ཏུ“མ་ཟད་……ཡང”ཞེས་སྒྱུར་ན་མ་ཡིག་གི་བསྟན་དོན་ཇི་བཞིན་དུ་མཚོན་ཐུབ་སྙམ།
ཡང་དཔེར་ན། རྒྱ་ཡིག་གི་这样的游击队,不但不能取得胜利,反而要处处吃亏。ཞེས་པ་ལྟ་བུ་བོད་ཡིག་ལ། “འདི་ལྟ་བུའི་ངེས་མེད་རྒོལ་རྡུང་རུ་ཁག་ལ་རྒྱལ་ཁ་ལེན་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་གང་ས་གང་ནས་གྱོང་གུན་ཡང་ཕོག་ངེས”ཞེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག“……不但……反而”ལྟ་བུ་བོད་ཡིག་ཏུ་བོད་ཡིག་ཏུ“ཕར་ཞོག་……དེ་ལས་ལྡོག་སྟེ”ལྟ་བུར་བསྒྱུར་དགོས།
གཞན་ཡང་སྦྲེལ་ཚིག་རྐྱང་པས་སྟོབས་འཕེལ་ཚིག་སྦྲཊ་མཚོན་པའི་དཔེར་བརྗོད་ཅིག་དྲངས་ན། རྒྱ་ཡིག་གི་况且,一想到昨天的事,也就使我不能按住。ལྟ་བུ་བོད་ཡིག་ལ“དེས་མ་ཟད། ཁ་སང་གི་དོན་དག་དེར་སེམས་ལ་དྲན་དུས། ང་རང་ས་འདིར་བློ་བདེ་པོའི་ངང་སྡོད་མི་ཐུབ”ཅེས་བསྒྱུར་ན་ཡང་ཧ་ཅང་ལེཊ་སྙམ། འདིའི་ནང“况且”ཞེས་པའི་སྦྲེལ་ཚིག་གཅིག་ལས་མེད་མོད།དེ་ཉིད་བོད་ཡིག་ཏུ“མ་ཟད”ཅེས་བསྒྱུར་ན་ལེཊ།
གོང་གསལ་གྱི་དཔེར་བརྗོད་དེ་རྣམས་ཀྱི་ཁྲོད་དུ“མ་ཟད་……ཡང” “ཕར་ཞོག……དེ་ལས་ལྡོག་སྟེ” “མ་ཟད”སོགས་སྦྱར་ན་ཚིག་ཚན་ཕྱི་མའི་དོན་དེ་ཚིག་ཚན་སྔ་མའི་དོན་ལས་ནང་དོན་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འཕེལ་བའི་ནུས་པ་ལྡན་གྱི་ཡོད་པས་སྟོབས་འཕེལ་ཚིག་སྦྲགས་ཀྱི་ཁོངས་སུ་གཏོཊ་པ་ཡིན་ནོ།།
5.འགལ་དོན་ཚིག་སྦྲགས། (转折复句)
དེ་ཡང་འགལ་དོན་ཚིག་སྦྲགས་ཞེས་པ་ནི“ཚིག་ཚན་ཕྱི་མས་སྔ་མ་ལས་ལྡོག་པའི་དོན་ཞིག་བསྟན་ཏེ་བསྟན་དོན་སྔ་ཕྱི་འགལ་བར་གྱུར་ཅིང་། གནས་སྐབས་ཀྱི་བརྗོད་དོན་གཙོ་བོ་ཚིག་ཚན་ཕྱི་མར་འབབ་པའི་རིགས་ལ་ཟེར”⑧ཞེས་གསུངས་པ་དང་། རྒྱ་ཡིག་གི་ཁྲོད་དུ་རྒྱུན་སྤྱོད་ཀྱི་སྦྲེལ་ཚིག་རྐྱང་པ“但是、但、却、倒、不过、可是、然而”ལྟ་བུ་དང་། སྦྲེལ་ཚིག་སྦྲགས་མ“虽然……但是、尽管……然而尽管……但 ”ལྟ་བུ་སོགས་སྤྱོད་ཀྱིན་ཡོད་པ་དང་། དེ་དག་བོད་སྐད་ཀྱི་ཁྲོད་དུ“ཀྱང་ཡང་འང”གསུམ་རྒྱན་སྡུད་ལས་མི་མཐུན་པའི་ཚིག་རྒྱན་དང་། “འོན་ཀྱང”“མོད” “ཡིན་ན་ཡང” “ནའང”“རུང”སོགས་སྦྱར་ནས་མཚོན་པར་བྱེད་དགོས།
དཔེར་ན།རྒྱ་ཡིག་གི་虽然天气很热,可是他依然穿着冬装。ཞེས་པ་ལྟ་བུ་བོད་ཡིག་ལ། “མ་གཞི་ནས་གནམ་གཤིས་ཧ་ཅང་ཚ་བ་ཆེ་མོད། ཁོས་སྔར་བཞིན་དགུན་ཆས་གྱོན་འདུག”ཅེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག“虽然……可是”ཞེས་པ་དེ་བོད་ཡིག་ཏུ“མོད”ཞེས་སྒྱུར་ན་འགྲིག འོན་ཀྱང་ཉེ་དུས་ཀྱི་ཡིག་སྒྱུར་མང་པོ་ཞིག་གི་ནང་དུ་ཚིག་ཚན་སྔ་མའི་མཐར“མོད”སྦྱར་བ་དང་། ཚིག་ཚན་ཕྱི་མའི་འགོར“འོན་ཀྱང”སྦྱར་ཡོད་པ་ཧ་ཅང་མང་། དོན་དུ་དེ་ནི་འགལ་དོན་སྟོན་པའི་ཚིག་གཉིས་བརྩེགས་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། དེ་གཉིས་ལས་གཅིག་རང་སྦྱར་ན་འགྲིག་སྙམ།ཡང་དཔེར་ན། རྒྱ་ཡིག་གི་经管是大风大雨,不过半天的时间,工人们把这里清理好了。ཞེས་པ་ལྟ་བུ་བོད་ཡིག་ལ། “རླུང་ཆེན་ལྡང་བ་དང་ཆར་པ་ཆེན་པོ་བབས་ན་ཡང་ཉིན་ཕྱེད་ལས་མ་འགོར་བར་བཟོ་པ་ཚོས་གནས་འདིར་གཙང་ཕྱག་བྱས་ཟིན”ཞེས་བསྒྱུར་དགོས་པ་དང་། དེའི་ནང་གི་རྒྱ་ཡིག“尽管……不过”ལྟ་བུ་བོད་ཡིག་ཏུ“ན་ཡང”ལྟ་བུར་བསྒྱུར་ན་འགྲིག་སྙམ།
གཞན་ཡང་འགལ་དོན་ཚིག་སྦྲགས་ཀྱི་ནང་དུ་མཚམས་རེར་གདམ་ང་ཚིག་སྦྲགས་ཀྱི་སྐབས་སུ་བཤད་པ་བཞིན་ཚིག་ཚན་སྔ་ཕྱི་བསྣོལ་ནས་བསྒྱུར་དགོས་པའི་རིགས་ཤིག་ཀྱང་ཡོད་པ་སྟེ། དེ་ལ་རྒྱ་ཡིག་གི་ཁྲོད་དུ“倒装的转折复句”ཞེས་བརྗོད་ཀྱིན་ཡོད་ཅིང་། བོད་སྐད་དུ“ལྡོག་པའི་དོན་འགལ་ཚིག་སྦྲགས”ཞེས་ཀྱང་བརྗོད་ཆོག དེ་ནི་བོད་རང་གི་སྐད་ཆའི་འགྲོ་ལུགས་ལ་བསམ་གཞིགས་བྱས་ཏེ། ཚིག་ཚན་སྔ་ཕྱི་གོ་རིམ་ལྡོག་ནས་བསྒྱུར་དགོས་པ་དང་། བར་དུ་ཚིག་ཚན་སྔ་ཕྱི་འགལ་བར་སྟོན་པའི་བོད་ཡིག་གི་ཚིག་ཕྲད་གང་ཞིག་དེ་ལ་དེ་འཚམ་གྱིས་སྦྱར་ནས་མཚོན་པར་བྱེད་དགོས། དཔེར་ན། རྒྱ་ཡིག་གི“他什么也没听懂,尽管老师讲了好多次”ཞེས་པ་ལྟ་བུ་བོད་ཡིག་ཏུ“དགེ་རྒན་གྱིས་ཐེངས་མང་པོར་བཤད་ཀྱང་ཁོས་གང་ཡང་ཧ་གོ་མི་འདུག”ཅེས་ཚིག་ཚན་སྔ་ཕྱི་བསྣོལ་བའམ་གོ་རིམ་ལྡོག་ནས་བསྒྱུར་དགོས་པར་མ་ཟད། བར་དུ་མི་མཐུན་པའི་ཚིག་རྒྱན་གྱི“ཀྱང་སྒྲ”སྦྱར་ནས་མཚོན་པར་བྱེད་དགོས་པ་ལྟ་བུའོ།།
གོང་གསལ་གྱི་དཔེར་བརྗོད་དེ་རྣམས་ཀྱི་ཁྲོད་དུ “མོད”དང་།“ན་ཡང”“མ་ཟད”“ཀྱང”སོགས་སྦྱར་ན་ཚིག་ཚན་ཕྱི་མས་སྔ་མ་ལས་ལྡོག་པའི་དོན་ཞིག་བསྟན་ཏེ་བསྟན་དོན་སྔ་ཕྱི་འགལ་བར་གྱུར་བའི་ནུས་པ་ལྡན་གྱི་ཡོད་པས་འགལ་དོན་ཚིག་སྦྲགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ།།
6.བརྟག་པ་མཐའ་བཟུང་གི་ཚིག་སྦྲཊ།(假设复句)
དེ་ཡང་བརྟག་པ་མཐའ་བཟུང་གི་ཚིག་སྦྲགས་ཞེས་པ་ནི“ཚིག་ཚན་སྔ་མས་བརྟག་པ་མཐའ་བཟུང་གིས་དོན་ཞིག་བསྟན་ཏེ་ཚིག་ཚན་ཕྱི་མས་སྔ་མའི་བསྟན་པའི་དོན་དེའི་འབྲས་བུ་རིགས་འདེད་བྱེད་པ་ཞིག་ལ་ཟེར”⑨ཞེས་གསུངས་པ་དང་། རྒྱ་ཡིག་གི་ཁྲོད་དུ་རྒྱུན་སྤྱོད་ཀྱི་སྦྲེལ་ཚིག་རྐྱང་པ“就、便、如果、假如、倘如、即使、就是、如若、要是”ལྟ་བུ་དང་། སྦྲེལ་ཚིག་སྦྲགས་མ“假如……那么、假使……就、哪怕……也、 纵使……还、就算……也、如果……那就、即使……也、要是……那就、要不是……那么、尽管……也、不管……都、无论……都 ”ལྟ་བུ་སོགས་སྤྱོད་ཀྱིན་ཡོད་པ་དང་། དེ་དག་བོད་སྐད་ཀྱི་ཁྲོད་དུ“ན་སྒྲ”དང་། “ཀྱང”སོགས།“ཚེ”“གལ་སྲིད”“གལ་ཏེ”“ན་ཡང”“དབང་དུ་བཏང་ན”“ཆ་བཞག་ན”“དཔེར་བཞག་ན”སོགས་སྦྱར་ནས་མཚོན་པར་བྱེད་དགོས།
དཔེར་ན། རྒྱ་ཡིག་གི་如果想当一名合格的共产党员,那就全心全意为人民服务。ཞེས་པ་ལྟ་བུ་བོད་ཡིག་ལ། “གལ་སྲིད་ཚད་ལྡན་གྱི་གུང་ཁྲན་ཏང་ཡོན་ཞིག་བྱ་འདོད་ན། ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས”ཞེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག“如果……那就”ཞེས་པ་དེ་བོད་ཡིག་ཏུ“གལ་སྲིད་……ན”ཞེས་སྒྱུར་ན་ནང་དོན་ཇི་བཞིན་དུ་མཚོན་ཐུབ་པ་ལྟ་བུའོ།།
ཡང་དཔེར་ན། རྒྱ་ཡིག་གི་即使我们提前完成了任务,也不要骄傲自满。ཞེས་པ་ལྟ་བུ་བོད་ཡིག་ལ། “ང་ཚོས་སྔོན་ནས་ལས་འགན་བསྒྲུབ་ཚར་ན་ཡང་ང་རྒྱལ་དང་ཁེངས་དྲགས་བྱེད་མི་རུང”ཞེས་བསྒྱུར་དགོས་པ་དང་། དེའི་ནང་གི་རྒྱ་ཡིག“即使……也”ལྟ་བུ་བོད་ཡིག་ཏུ“ན་ཡང”ལྟ་བུར་བསྒྱུར་ན་འགྲིག་སྙམ།གཞན་ཡང་བརྟག་པ་མཐའ་བཟུང་གི་ཚིག་སྦྲགས་ཀྱི་ནང་དུ་ཡང་ཚིག་ཚན་སྔ་ཕྱི་བསྣོལ་ནས་བསྒྱུར་དགོས་པའི་རིགས་ཤིག་ཀྱང་ཡོད་པ་སྟེ། དེ་ལ་རྒྱ་ཡིག་གི་ཁྲོད་དུ“倒装的假设复句”ཞེས་བརྗོད་ཀྱིན་ཡོད་ཅིང་། བོད་སྐད་དུ“ལྡོག་པའི་བརྟག་པ་མཐའ་བཟུང་གི་ཚིག་སྦྲགས”ཞེས་ཀྱང་བརྗོད་ཆོག དེ་ནི་ཚིག་ཕྱི་མས་བརྟག་པ་མཐའ་བཟུང་གི་དོན་ཞིག་བསྟན་ནས་ཚིག་སྔ་མའི་དོན་དེ་སྒྲུབ་པར་བྱེད་པ་ཞིག་ཡིན། ཡིན་ན་ཡང་བོད་ཡིག་ཏུ་བསྒྱུར་དུས་བོད་རང་གི་སྐད་འགྲོས་ལྟར་ཚིག་ཚན་སྔ་ཕྱིའི་གོ་རིམ་ལྡོག་ནས་བསྒྱུར་དགོས་པ་དང་།བར་དུ་བརྟག་པ་མཐའ་བཟུང་གི་སྦྲེལ་ཚིག་གང་རུང་སྦྱར་ནས་མ་ཡིག་གི་བསྟན་དོན་ཇི་བཞིན་དུ་མཚོན་པར་བྱེད་དགོས། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社