(པར་ངོས་དང་པོར་མཐུད)
ཝང་ཅུན་ཀྲེང་གིས་གསུངས་དོན། 2024ལོར། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55444ཟིན་པ་དང་། ཞིང་འབྲོག་པའི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་ཡོད། ད་ཆའི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྡོད་སའི་ཁང་པ་ཡོད་པ་དང་། ངལ་རྩོལ་བྱེད་དུས་ཐོབ་ཆ་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། སློབ་དུས་ཁྲིད་མཁན་ཡོད་པ། ན་དུས་སྨན་བཅོས་བྱེད་མཁན་ཡོད་པ་བཅས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མཉམ་སྤྱོད་ཐུབ་པ་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཕུན་སུམ་ཚོགས་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་པ། བདེ་སྣང་ལ་དེ་བས་འགན་ལེན་ཡོད་པ་བཅས་བྱུང་ཡོད།
ཀརྨ་ཚེ་བརྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔ་ཚན་བཅུ་བཞི་པའི་རིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཁྱོན་སྤྱི་ཚོགས་བྱ་གཞག་ཁྱབ་ཁོངས་ཀྱི་རྣམ་གྲངས་རིགས་28བཀོད་སྒྲིག་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་246.5གཏོང་རྩིས་ཡོད་པ་དང་། མིག་སྔའི་བར། མ་དངུལ་སྒོར་དུང་ཕྱུར་236.78དོན་འཁྱོལ་བྱས་ནས་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་ཧུར་ཐག་བསྒྲུབས་ཡོད།
2024ལོར། དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དུས་མཚུངས་ལས་བརྒྱ་ཆ་12.5ཡན་འཕར་བ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་དེ་བཞིན་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ། སློབ་གྲྭ་འབྲིང་ཆུང་ཁག་ཅིག་གསར་སྐྲུན་བྱས་པ་སོགས་ཀྱིས་ཕྲུ་གུ་ཚོ་སློབ་གྲྭ་ཡག་པོར་འགྲོ་ཐུབ་པའི་འགན་ལེན་བྱས་པ། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་ཞིག་བསྐྲུན་པ་དང་འབྲེལ་སྤྱོད་འགོ་ཡང་ཚུགས་པ། འོད་སྐུད་དྲ་ཆེན་དང་4Gདྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ་སོགས་དམངས་འཚོའི་བྱ་བ་དངོས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་འཐུང་ཆུ་དཀོན་པ་དང་། གློག་སྤྱོད་དཀའ་བ། འགྲོ་ལམ་མི་བདེ་བ། འཕྲིན་གཏོང་མི་ལེགས་པ་བཅས་ཀྱི་ལོ་རྒྱུས་མཇུག་འགྲིལ་ནས་བག་ཕེབས་དང་སྟབས་བདེ་བའི་དེང་རབས་ཅན་གྱི་འཚོ་བ་སྐྱེལ་བཞིན་ཡོད།
བོད་ཀྱི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱས་པ།
བོད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་འབྲས་བུ་བསྐལ་བརྒྱར་སྨིན་པ་དང་། གནམ་འོག་ཀུན་ལ་ཕན་པ་ཞིག་ཡིན།
ཝང་ཅུན་ཀྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་པོ་བྱེད་པ་ནས་རི་ཆུ་དང་། ནགས་ཚལ། ཞིང་ཁ། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པའི་བར་དང་། དེ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བར། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ལྷོ་རི་དང་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པས་ལྗོངས་ཡོངས་སུ་ནགས་ཚལ་ཁྱབ་ཚད་བརྒྱ་ཆ་12.31བར་མཐོ་རུ་ཕྱིན་ཡོད། སྐྱེ་ཁམས་ཀྱི་ལས་གནས་ཁྲི་44ལྷག་ཙམ་བཙུགས་ནས། མི་དམངས་མང་ཚོགས་ལ་སྐྱེ་ཁམས་འཛུགས་སྐྱོང་གི་ཁྲོད་ནས་ཕན་པ་ཐོབ་པར་བྱས་ཏེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།
དེ་དང་ཆབས་ཅིག་ཏུ་བོད་ཀྱིས་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཡོད། 2024ལོར། བོད་དུ་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་བརྒྱ་ཆ་99ཡན་ཟིན་ནས་གློག་ཤུགས་གཙང་མ་མཁོ་འདོན་ཐུབ་སྟེ་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱིས་བཟུང་ཚད་མཐོ་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད།
ད་ཆ་བོད་ཀྱི་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆ་99.7ཡན་ཟིན་པ་དང་། གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་བརྒྱ་ཆ་100ཟིན་ནས་Ⅲརིགས་ཀྱི་ཆུ་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པས་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
སྤྱི་ཚོགས་ཁྱོན་ཡོངས་སུ་རྒྱུན་མཐུད་བརྟན་ལྷིང་གི་རྣམ་པ་བཟང་པོ་ཞིག་མངོན་པ།
གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)དུ་བཙུགས་པ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་རྒྱ་ཁྱབ་དང་གཏིང་ཟབ་ངང་སྤེལ་བ། མཐའ་བརྟན་མཐའ་དར་གྱི་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་སོགས་ད་ཆའི་བོད་ལྗོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་སུ་རྒྱུན་མཐུད་བརྟན་ལྷིང་གི་རྣམ་པ་བཟང་པོ་ཞིག་མངོན་ཡོད།
ཝང་ཅུན་ཀྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ངོ་60རིང་། བོད་ཀྱི་རིམ་ཁག་ཏང་རྩ་འཛུགས་ཆུང་བ་ནས་ཆེ་བའི་བར་དང་། ཉམས་ཞན་ནས་སྟོབས་ཆེན་བར་འཕེལ་རྒྱས་ཕྱིན་ནས་ཏང་འཛུགས་སྐྱོང་ཚན་རིག་ཅན་དང་ལམ་ལུགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་ལ། ཏང་གི་སྲིད་སྐྱོང་ནུས་པའང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2024ལོར། ལྗོངས་ཡོངས་ཀྱི་ཏང་ཡོན་གྱི་མི་གྲངས་དེ་རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག་པའི་མི་ཁྲི་1.48ནས་ཁྲི་47.04བར་འཕར་ཡོད། 2011ལོ་ནས་བཟུང་ཁག་ཐེངས་14དང་ལས་བྱེད་པ་ཁྲི་29.7ལྷག་ཙམ་བདམས་ནས་གྲོང་ཚོར་བཅའ་སྡོད་བྱེད་པར་མངགས་ཏེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་ནས་ཏང་དང་མང་ཚོགས་དབར་གྱི་སྦྲེལ་ཟམ་བསྐྲུན་ཡོད།
2024ལོའི་ལོ་མཇུག་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་171བཟོས་ནས་ལག་བསྟར་བྱས་པ་དང་། བོད་ལྗོངས་ཀྱིས་ལྷོ་ཁ་སོགས་གྲོང་ཁྱེར་3དུ་ཁྱོན་མི་རིགས་ཤང་9བཙུགས་ཡོད། ལོ་ངོ་60ཡི་རིང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྣེ་ཁྲིད་བྱས་ཡོད།
ཀརྨ་ཚེ་བརྟན་གྱིས་ཁྲིམས་ལྟར་གྲངས་ཉུང་མི་རིགས་ཀྱི་རང་ཁྱིམ་རང་བདག་གི་དབང་ཆར་འགན་ལེན་བྱེད་པ་སོགས་ཕྱོགས་བཞིའི་ཐད་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་བོད་དུ་ལག་ལེན་དུ་བསྟར་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལས་མི་རིགས་ཁག་འདྲ་མཉམ་ངང་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ནང་ཞུགས་པ་དང་། ས་ཁུལ་འདི་ག་དང་མི་རིགས་འདི་གའི་ལས་དོན་ལ་རང་བདག་དོ་དམ་བྱེད་པའི་དབང་ཆ་གང་ལེགས་ལོངས་སུ་སྤྱད་ནས་ཡར་ལངས་རང་བདག་ནས་རང་ཁྱིམ་རང་བདག་བར་གྱི་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད་ཅེས་གསུངས་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社