(པར་ངོས་གཉིས་པར་མཐུད)ཁོང་གིས་མནའ་མཐུན་དམག་དཔུང་གི་འཐབ་འཛིང་པ་དང་། ངོ་རྒོལ་ལས་འགུལ་གྱི་ཁོངས་མི། དཔའ་ངར་ལྡན་པའི་ཀྲུང་གོའི་མི་དམངས་བཅས་དང་དེ་བཞིན་ཞི་བདེའི་ཆེད་དུ་འཐབ་འཛིང་བྱེད་མཁན་ཚང་མས་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་རེད།
ཕུའུ་ཅིང་གིས་ཤིས་ཚིག་གསུངས་རྗེས་གཟིགས་ཞིབ་དང་ལེན་དཔུང་སྡེས་སྐད་གསང་མཐོན་པོས“ཝུའུ་ལ”ཞེས་འབོད་པའི་སྒྲ་ཐང་ཆེན་དམར་པོ་ཡོངས་སུ་ཁྱབ་ཡོད།
ཨུ་རུ་སུའི་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཏུན་ཧོ་ཆུ་བོའི་འགྲམ་གྱི་ལུའོ་སི་ཐུའོ་ཧྥུ་ནས་ཡོང་བའི་ཤའོ་ལུའོ་ཧོ་ཧྥུ་ནི་དམག་གཟིགས་མཛད་སྒོའི་ཐོག་གི་ལྟད་མོ་བའི་གྲས་ཤིག་རེད། ཤའོ་ལུའོ་ཧོ་ཧྥུ་ཡིས་ངའི་མེས་པོའི་ནང་གི་གཉེན་ཉེ་གཉིས་རླབས་ཆེན་གྱི་རྒྱལ་སྲུང་དམག་འཁྲུག་ནང་ཞུགས་མྱོང་བ་དང་། དེའི་ནང་གི་གཅིག་ད་དུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ཀྱི་ཐང་ཆེན་དམར་པོའི་དམག་གཟིགས་ནང་ཞུགས་མྱོང་ཡོད་ཅེས་དང་། ཁོང་གིས།ཁོང་ཚོ་ཁྲི་སྟོང་མང་པོས་ཁྲག་བཏོན་དམར་འཛིང་བྱས་པས་གཞི་ནས་ངའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་བྱུང་་བ་རེད། ངས་ནམ་ཡང་ཁོང་ཚོ་བརྗེད་མི་སྲིད་ཅེས་བཤད།
དམག་མི་ཁྲི་ལྷག་ཙམ་ལས་གྲུབ་པའི་གཟིགས་ཞིབ་དང་ལེན་བྱེད་མཁན་རུ་སྟར་གྲུ་བཞིས་སྙིང་སྟོབས་ཆེར་སྐྱེད་དང་གོ་རིམ་ལྡན་པའི་ངང་ཐང་ཆེན་དམར་པོ་ནས་བསྐྱོད། ཀྲུང་གོ་དང་། བྷེ་ཨུ་རུ་སུ། ཧ་སག་སི་ཐན། ཨེ་ཅིབ། ཝེ་ཐེ་ནམ་སོགས་རྒྱལ་ཁབ་10ལྷག་ཙམ་གྱི་དྲག་ཆས་སྟོབས་ཤུགས་རུ་སྟར་གྲུ་བཞི་གདན་ཞུས་ལྟར་དམག་གཟིགས་མཛད་སྒོར་ཞུགས་ཡོད།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་སིའི་གུས་ལུཊ་རུ་ཆེན་གྱི་རུ་མི་ལས་གྲུབ་པའི་དམག་གཟིགས་རུ་སྟར་གྲུ་བཞི་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱས་པ་དང་། ཁོང་ཚོའི་བརྗིད་ཉམས་ལྡན་པའི་རྣམ་པ་དང་གྲལ་འགྲིག་པའི་གོམ་སྟབས་ལ་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།
ལེ་ཧྲེ་ཐེ་ཉི་ཁོ་ཝ་ཡིས་བུ་མོ་གཉིས་ཁྲིད་དེ་དམག་གཟིགས་མཛད་སྒོར་ཞུགས་སྐབས་ཀྲུང་གོའི་དམག་མིའི་སྙིང་སྟོབས་རབ་ཏུ་འཕེལ་བ་དང་དམག་མིའི་ངར་ཤུགས་ཆེར་སྐྱེད་ལས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་ཞེས་བསྔགས་བརྗོད་བྱས། ཁོང་གིས་དམག་འཁྲུག་གི་ལོ་རབས་སུ་ཨུ་རུ་སུ་དང་ཀྲུང་གོའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་པ་བརྒྱུད་ཧྥ་ཤི་སིའི་བཙན་འཛུལ་པ་ལས་རྣམ་པར་རྒྱལ་ཡོད་ཅིང་།དམག་འཁྲུག་གི་ཚོད་བགམ་ཐེག་པའི་བརྩེ་སེམས་དེ་ད་བར་རྒྱུན་མཐུད་ཐུབ་ནས་ཨུ་ཀྲུང་མི་དམངས་དབར་གྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་རྒྱུར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།
ད་ལོའི་ཐང་ཆེན་དམར་པོའི་དམག་གཟིགས་མཛད་སྒོའི་སྒྲིག་ཆས་མང་པོའི་ནང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་རིང་ནུས་པ་ཆེན་པོ་ཐོན་པའི་ཐན་ཁེ་T-34དང་།སུའུ་-100རྟགས་ཅན་གྱི་རང་འགུལ་མེ་སྒྱོགས་ཡོད་ལ།“དབྱི་སི་ཁེན་ཏེར་-M”འཕུར་མདེལ་མ་ལག་དང་། “ཡར་སི”གླིང་སྐྱོད་འཕུར་མདེལ་སོགས་དེང་རབས་ཅན་གྱི་སྒྲིག་ཆས་ཀྱང་ཡོད་པར་མ་ཟད། ད་དུང་དམག་གཟིགས་མཛད་སྒོའི་ཐོག་ཐེངས་དང་པོར་ཞུགས་པའི་མི་མེད་གནམ་གྲུ་སྣ་ཚོགས་ཀྱང་ཡོད།
དམག་གཟིགས་མཛད་སྒོའི་མཐའ་མའི་དུས་སུ།“ཨུ་རུ་སུའི་དཔའ་རྒོད”དང“ཁུག་རྟ”ཞེས་པའི་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གི་དམག་འཐབ་གནམ་གྲུ་ཐང་ཆེན་དམར་པོའི་མཁའ་དབྱིངས་སུ་འཕུར་བ་དང་། སུའུ་-25རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ལས་གྲུབ་པའི་དམག་དཔུང་གིས་མཁའ་དབྱིངས་སུ་ཨུ་རུ་སུའི་རྒྱལ་དར་གྱི་ཚོན་མདོག་དཀར་པོ་དང་། སྔོན་པོ།དམར་པོ་བཅས་ལས་གྲུབ་པའི་རིས་དབྱིབས་བྲིས་ཡོད།
རྒན་ཡོལ་ཞུས་པའི་དམག་དཔོན་ཁ་ས་ཐོ་ནུའོ་ཧྥུ་ཡིས་དམག་གཟིགས་མཛད་སྒོ་དེའི་དོན་སྙིང་ནི་དམག་དོན་གྱི་སྟོབས་ཤུགས་མངོན་རྒྱུ་དེ་མིན་པར་ང་ཚོར་ཐོབ་པར་དཀའ་བའི་ཞི་བདེར་གཅེས་སྤྲས་བྱེད་དགོས་པའི་ཉེན་བརྡ་བཏང་བ་དེ་རེད་ཅེས་བཤད།
ལོ་19ལ་སླེབས་པའི་པི་ཏེ་ལུའོ་ཝ་ནི་སློབ་ཆེན་སློབ་མ་ཞིག་ཡིན་པ་དང་།ད་ཐེངས་ཁོ་བོས་ཐང་ཆེན་དམར་པོའི་དམག་གཟིགས་མཛད་སྒོར་ལྟ་ཐེངས་བཞི་པ་རེད། ཁོ་བོས་རྒྱལ་ཁའི་ཉིན་མོ་ནི་ཨུ་རུ་སུའི་དུས་ཆེན་གལ་ཆེན་ཞིག་རེད།ང་ཚོས་སྔོན་བྱོན་པ་ཚོས་བཞག་པའི་བྱས་རྗེས་ལ་དྲན་གསོ་ཞུ་བ་ནི་ཁོང་ཚོའི་བྱ་གཞག་རྒྱུན་འཛིན་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་ཆེད་རེད། དེ་ནི་ང་ཚོ་ན་གཞོན་མི་རབས་ཚོས་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད་ཅེས་བཤད།
ཨུ་རུ་སུའི་རྒྱལ་ཁབ་གྲོས་ཚོགས་འོག་མའི་གྲོས་མི་སུའུ་ལའེ་མན་ནུའོ་ཧྥུ་ཡིས་ཀྲུང་གོ་ཕྱོགས་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་མོ་མཚོན་ཡོད་ལ།ཕྱོགས་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོན་པོའང་མཚོན་ཡོད། ཨུ་ཀྲུང་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་གཉིས་པོར་བདེ་སྐྱིད་བསྐྲུན་ཡོད་ལ།འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་ཡོད་ཅེས་དང་། ཁོང་གིས་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞེས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་5ཚེས་9ཉིན་འབྱོར་བའི་གློག་འཕྲིན)
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社