分享按钮

ལྷ་ས་གྲོང་ཁྱེར་གྱི་སྐབས་བདུན་པའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་མོ་མཇུག་འགྲིལ་བའི་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་27ཉིན། ལྷ་ས་གྲོང་ཁྱེར་གྱི་སྐབས་བདུན་པའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་མོ་མཇུག་འགྲིལ་བའི་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞིར་འཚོགས་པ་རེད།

ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་འགྲན་བསྡུར་བྱེད་སྒོ་ཞིག་ཡིན་པའི་ངོས་ནས་ལྷ་ས་གྲོང་ཁྱེར་གྱི་སྐབས་བདུན་པའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་མོ་འགོ་ཚུགས་ཚུན།རྫོང(ཆུས)ཁག་གི་སློབ་གྲྭ་འབྲིང་ཆུང་དང་གྲོང་ཁྱེར་ཐད་གཏོགས་སློབ་གྲྭ་ཁག་གིས་བསྐྱལ་བའི་ཚན་རིག་གསར་གཏོད་ཀྱི་དཔྱད་རྩོམ་དང་། ཚན་རིག་གསར་གཏོད་ཀྱི་སློབ་ཚན། ཚན་རིག་ཁྱབ་གདལ་གྱི་སློབ་ཚན་ཐུང་གྲས། ཚན་རིག་ཁྱབ་གདལ་གྱི་གཏམ་བཤད། ཚན་རིག་གསར་གཏོད་ཀྱི་སློབ་ཆས། ཚན་རིག་གི་ཉམས་འགྱུར་སྟོན་པ། ཚན་རིག་འཆར་སྣང་གི་རི་མོ། ཚན་རིག་ཁྱབ་གདལ་གྱི་རྩོམ་ཡིག གསར་གཏོད་ཀྱི་བསམ་བཀོད་བཅས་འགྲན་བསྡུར་རྣམ་གྲངས་10ཡི་བརྩམས་ཆོས་སྣ་ཚོགས་347འབྱོར་ཞིང་། འགྲན་བསྡུར་ཆེན་མོའི་ཞིབ་དཔྱད་ཨུ་ལྷན་གྱིས་དྲང་གཞག་དང་། དྲང་བདེན། ཡོངས་བསྒྲགས་བཅས་ཀྱི་ཞིབ་དཔྱད་བྱས་པ་བརྒྱུད།ཕུལ་བྱུང་གི་མཉམ་སྡེབ་དང་མི་སྒེར་107བདམས་ཡོད། དེའི་ནང་མི་སྒེར་གྱི་བྱ་དགའ་རིམ་པ་དང་པོ་17དང་། བྱ་དགའ་རིམ་པ་གཉིས་པ་19 བྱ་དགའ་རིམ་པ་གསུམ་པ་26 ཕུལ་བྱུང་གི་བྱ་དགའ་33 ཕུལ་བྱུང་གི་སྒྲིག་འཛུགས་ལས་དོན་པ་5 ཕུལ་བྱུང་གི་སྒྲིག་འཛུགས་ཚན་པ་3 ཕུལ་བྱུང་གི་སློབ་མའི་ཡོང་ཁུངས་རྟེན་གཞི་4བཅས་ཡོད་པ་རེད། མཇུག་འགྲིལ་མཛད་སྒོའི་ཐོག་འགྲན་བསྡུར་ཆེན་མོའི་ཁྲོད་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པའི་མི་སྒེར་དང་མཉམ་སྡེབ་ལ་བྱ་དགའ་སྤྲད་པ་རེད།

ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་པད་སྒྲོན་གྱིས་སླད་ཕྱིན་ང་ཚོས་འགྲན་བསྡུར་ཆེན་མོའི་སྒྲིག་ཡིག་དང་སྒྲིག་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་འགྲན་བསྡུར་དེ་གཞོན་ནུ་ལོ་ཆུང་གི་ཚན་རིག་སློབ་གསོའི་འཕེལ་རྒྱས་དང་སྔར་བས་འཚམ་པར་བྱ་རྒྱུ་ཡིན། ང་ཚོས་འགྲན་བསྡུར་ཆེན་མོ་འདི་སྤེལ་བ་བརྒྱུད་གཞོན་ནུ་ལོ་ཆུང་སློབ་མའི་ཚན་རིག་གི་སྤྲོ་སྣང་འཕེལ་བ་དང་ཁོང་ཚོ་ཚན་རིག་གི་ཡང་རྩེར་སླེབས་རྒྱུར་སྐུལ་མ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ཆེད་ཕུལ་བྱུང་གི་ཚན་ཞིབ་ཤེས་ལྡན་པ་དང་ཚན་རྩལ་ཤེས་ལྡན་པ་གྲབས་གསོག་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

བྱ་དགའ་སྤྲད་པ་ཕུད། མཇུག་འགྲིལ་མཛད་སྒོའི་ཐོག་ད་དུང་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ཞིང་། ངོ་མཚར་ཆེ་བའི་ཚན་རིག་ཚོད་ལྟ་དང་སྟབས་བསྟུན་གྱི་གློག་རྡུལ་ཁྱི་ཡིས་སློབ་མ་ཚོའི་ཡིད་དབང་འཕྲོག་ཅིང་། ཚང་མས་མཉམ་འགུལ་ནང་ཧུར་ཐག་ཞུགས་ནས་ཚན་རིག་གི་རྒྱ་མཚོའི་ཁྲོད་ཤེས་བྱ་བསྡུ་ལེན་བྱེད་བཞིན་མཆིས།

ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་མོ་སྐབས་བདུན་བདེ་བླག་ངང་གཉེར་བ་དང་། རང་གྲོང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཚན་རྩལ་ཟུར་ཁྲིད་པ་ཞུགས་པའི་གཞི་ཁྱོན་ཆེ་ཤོས་དང་། རིམ་པ་མཐོ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གྱི་བྱེད་སྒོའི་སྤུས་རྟགས་དང་ཚད་ཤིང་དུ་གྱུར་ནས་ཚན་རྩལ་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཆེད་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཚོར་ཚན་རིག་གི་ཤེས་བྱ་དང་ཚན་རིག་གི་བྱང་ཚད་ངོམ་རྒྱུར་གར་སྟེགས་ཆེན་པོ་ཞིག་བཏོད་ཡོད་པ་རེད།

2024ལོར་ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་ཁྱབ་གདལ་གཏོང་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་། ཚན་རྩལ་ཁྱབ་གདལ་གྱི་ཐབས་ལམ་རྒྱ་སྐྱེད། ཚན་རྩལ་ཁྱབ་གདལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་ཉིན་མོ། ཚན་རྩལ་ཁྱབ་གདལ་གྱི་རླངས་འཁོར་སྐོར་འགྲེམས། སྐོར་སྐྱོད་ཚན་རྩལ་ཁང་སྐོར་འགྲེམས་སོགས་གཙོ་དོན་ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་གཙོ་གནད་དུ་སྤེལ་བ་དང་། གཞོན་ནུ་ལོ་ཆུང་སློབ་མ་དང་། སྡེ་ཁུལ་གྱི་གྲོང་མི། ཞིང་འབྲོག་མང་ཚོགས་སོགས་ལ་དམིགས་ནས་དམིགས་ས་ཡོད་པའི་སྒོ་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་། ཟས་རིགས་ཀྱི་བདེ་འཇགས། འཕྲོད་བསྟེན་བདེ་ཐང་། ཐཱན་ཉུང་ནུས་བསྲི་སོགས་ཀྱི་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་30ལྷག་ཙམ་སྤེལ་ཡོད། གྲོང་ཁྱེར་ཡོངས་ཀྱི་ཤང(གྲོང་རྡལ)དང་། སྡེ་ཁུལ། སློབ་གྲྭ དགོན་སྡེ་བཅས་ཁྱོན་མི་ཐེངས་ཁྲི་1.2ལྷག་ཙམ་ལ་ཁྱབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཀྱི་བསྡུར་གྲངས་བརྒྱ་ཆ་7.1ཟིན་པ་དེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2ཀྱིས་མཐོ་བ་དང་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

ཚེ་རིང་དཔལ་སྒྲོན་གྱིས་2024ལོར་ང་ཚོས་སྐོར་སྐྱོད་ཚན་རྩལ་ཁང་སྐོར་འགྲེམས་དང་། ཚན་རྩལ་ཁྱབ་གདལ་གྱི་རླངས་འཁོར་སྐོར་འགྲེམས། ཚན་རྩལ་བྱེད་སྒོའི་གཟའ་འཁོར་བཅས་སྤེལ་བ་བརྒྱུད།ལྷུན་གྲུབ་རྫོང་དང་ཆུ་ཤུར་རྫོང་དུ་ཚན་རིག་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཞིང་འབྲོག་ཁུལ་དུ་སྤེལ་བས་ཞིང་འབྲོག་ཁུལ་གྱི་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་མི་ཐེངས་ལྔ་སྟོང་ལྷག་ཙམ་ལ་ཁྱབ་ཡོད། ཚན་རིག་ཁྱབ་གདལ་གྱི་བྱེད་སྒོའི་ནང་དོན་སྔར་བས་སྣ་མང་ཕུན་སུམ་ཚོགས་པ་དང་། རྣམ་པ་སྔར་བས་གསར་གཏོད་ལྡན་པ། ཕན་འབྲས་སྔར་བས་མངོན་གསལ་དོད་པ་བཅས་ཡོད་པས་ང་ཚོ་ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱི་ཚན་རིག་ཁྱབ་གདལ་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191961.html 1 ལྷ་ས་གྲོང་ཁྱེར་གྱི་སྐབས་བདུན་པའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་མོ་མཇུག་འགྲིལ་བའི་མཛད་སྒོ་འཚོགས་པ། /enpproperty-->