分享按钮

གང་སར་མཛེས་སྡུག་མངོན། མཛེས་པ་མཉམ་དུ་གནས་ཞེས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ།

(པར་ངོས་དང་པོར་མཐུད)མང་ཚོགས་ཀྱི་བདག་པོའི་འདུ་ཤེས་འཕེལ་བར་བྱས་ཤིང་། མིག་སྔའི་བར། རིམ་རྩིས་བྱས་ན་མི་ཐེངས་2000ལྷག་ཙམ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ནང་ཞུགས་རྒྱུར་སྐུལ་སློང་བྱས་ནས་གད་སྙིགས་ཏུན་1000ལྷག་ཙམ་གཙང་སེལ་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་ཚོང་ཁང་གི་སྒོ་བྱང་གཅིག་གྱུར་ཐོག་རིམ་སྤོར་བྱས་པ་དང་། རླངས་འཁོར་འཇོག་གནས་འཆར་འགོད་ལུགས་མཐུན་བྱས་པ། གློག་སྐུད་ཟང་ཟིང་ལ་བཅོས་སྒྲིག་ཐུབ་པ་བཅས་བྱས་ནས་གྲོང་མི་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ་རེད།

ཁྲོམ་གཞུང་སྔར་བས་གྲལ་འགྲིག་པ་དང་རྒྱ་ཆེ་ལ་དཀར་ཆ་དོད་པ་ནི་ཚོང་ཁང་གི་སྦྱིན་བདག་ལི་ཅུན་གྱི་ལོ་འདིའི་ནང་གི་མྱོང་ཚོར་ཟབ་ཤོས་དེ་རེད། ལི་ཅུན་གྱིས་དེ་སྔ་ཁྲོམ་གཞུང་འགྲམ་དུ་ལྕགས་ཤོག་གི་ཁང་པ་མང་པོ་བརྒྱབ་ཡོད་ལ་རླངས་འཁོར་བཞག་པ་ཡང་ཅུང་ཟང་ཟིང་ཡིན་པས་བལྟས་པ་ཙམ་གྱིས་ཟང་ཟིང་གི་རྣམ་པ་ཞིག་མངོན་གྱི་ཡོད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་བྱས་པ་ནས་བཟུང་། ཤང་གིས་ང་ཚོར་དྲིལ་བསྒྲགས་ལས་དོན་སྤེལ་ནས་བཅོས་སྒྲིག་ནང་ཞུགས་རྒྱུའི་རེ་འབོད་བྱས་པ་རེད། ང་ཚོས་འབོད་སྐུལ་ལ་ཉན་ཏེ། བསྡུ་གསོག་རྒྱག་དགོས་རིགས་ཀྱི་དངོས་པོ་རྣམས་བསྡུ་གསོག་བརྒྱབ་པ་དང་། བཤིག་དགོས་རིགས་ཀྱི་སྒྲིག་འགལ་གྱི་སྐྲུན་དངོས་བཤིག་པས། ད་ཆ་སྲང་ལམ་སྔར་ལས་རྒྱ་ཆེ་ཞིང་ཚོང་ཁང་ཡང་སྔར་ལས་གཙང་བར་གྱུར་ཡོད་ཅེས་བཤད།

དཔལ་འབྱོར་གླིང་ཤང་གི་ཤང་ཀྲང་གཞོན་པ་སྒྲོལ་དཀར་གྱིས་ལོ་གཅིག་རིང་ང་ཚོས་འབད་བརྩོན་བྱས་པ་བརྒྱུད་དཔལ་འབྱོར་གླིང་ཤང་གི་ཁོར་ཡུག་བཅོས་སྒྲིག་ཐད་འགྱུར་ལྡོག་གསུམ་གྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དང་ཐོག་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ། རང་ཉིད་ལ་བཅོས་སྒྲིག་བྱེད་དུ་བཅུག་པ་ནས་རང་ཉིད་ཀྱིས་བཅོས་སྒྲིག་བྱེད་པའི་བར་འགྱུར་ལྡོག་བྱུང་བ་དང་། གཉིས་ནས་དོ་དམ་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་སྣ་མང་ཅན་གྱི་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ཀྱི་རྣམ་པ་ཞིག་ཆགས་པ། མཇུག་ཏུ་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཕྱིན་ནས་འཕྲོད་བསྟེན་ཞན་པའི་ཁུག་ཀྱོག་དང་ལམ་བཟུང་གཉེར་སྐྱོང་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་ཅེས་བཤད།

དཔལ་འབྱོར་གླིང་ཤང་གི་འགྱུར་ལྡོག་ནི་ལྷུན་གྲུབ་རྫོང་གིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པའི་བསྡུས་རིས་ཤིག་རེད། ལོ་གཅིག་རིང་། ལྷུན་གྲུབ་རྫོང་གིས་གཙོ་གནད་བཅོས་སྒྲིག་ལ་དམ་འཛིན་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཕུགས་ཕན་ལ་དམ་འཛིན་བྱེད་པ་བཅས་ལ་དམིགས་ཏེ། འཆར་འགོད་ཞིབ་ཚགས་དང་། བཀོད་སྒྲིག་ཤུགས་ཆེན། དོན་འཁྱོལ་ལ་དམ་འཛིན། རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་གྲོང་ཚོ་དང་གྲོང་ལྷན་གྱི་ཁོར་ཡུག་ལེགས་སུ་ཏན་ཏིག་བཏང་ཡོད། ན་ནིང་གི་ལོ་མཇུག་ཏུ། གསུམ་འཕྲེང་ཤང་གསུང་འཕྲེང་གྲོང་ཚོའི་འགྲོ་ལམ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་དངོས་སུ་ལེགས་གྲུབ་བྱུང་ནས་ གྲོང་ཚོའི་དེ་སྔའི་འགྲོ་ལམ་སྔར་བས་རྒྱ་ཆེ་བ་དང་དེ་སྔ་ཨར་འདམ་བཏིང་མེད་པའི་ལམ་ངོས་སུའང་ཨར་འདམ་དང་སྣུམ་ནག་ལམ་བཏིང་ཡོད་པས་གྲོང་མི་ཚོ་ཕྱིར་སྐྱོད་སྐབས་སྐྱིད་སྣང་དོད་པས་དམངས་ཀྱི་འདོད་བློ་དང་མཐུན་ཡོད། གསུམ་འཕྲེང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་ཀྱིས་ད་ཆ་གྲོང་ཚོའི་འགྲོ་ལམ་རྒྱ་ཆེ་རུ་གཏོང་དགོས་སར་རྒྱ་ཆེ་རུ་བཏང་བ་དང་། མཁྲེགས་འགྱུར་བྱེད་དགོས་སར་མཁྲེགས་འགྱུར་བྱས་ནས་ཨར་འདམ་དང་སྣུམ་ནག་ལམ་བཏིང་ཡོད་པས་གྲོང་མི་ཚོས་རླངས་འཁོར་གཏོང་བའམ་ཡང་ན་རྐང་ཐང་མར་བསྐྱོད་ཀྱང་རུང་ཕྱིར་སྐྱོད་སྐབས་ཧ་ཅང་སྟབས་བདེ་པོ་བྱུང་ཡོད་ཅེས་བཤད།

ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་། གསུམ་འཕྲེང་ཤང་གིས་ཁོར་ཡུག་ལ་དམ་འཛིན་བྱེད་པ་ཕུད། ད་དུང་འདུ་ཤེས་འགྱུར་ལྡོག་གཏོང་བར་དམ་འཛིན་ཤུགས་ཆེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དེ་མངོན་ཆེའི་གནས་བབ་ཐོག་བཞག་ནས་ སྡེ་ཚན་མང་པོས་མཉམ་འཛིན་སྤྱི་སྒྲུབ་ཀྱིས་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ཤུགས་ཆེན་སྤེལ་བས་རྒྱ་ཆེའི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་བས་རིམ་པ་རེ་རེ་བཞིན་དམ་འཛིན་དང་རིམ་པ་རེ་རེ་བཞིན་དོན་འཁྱོལ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་དང་། ཤང་ཡོངས་ཀྱི་དཔལ་འབྱོར་དང་། ཁོར་ཡུག སྤྱི་ཚོཊ་བཅས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

གསུམ་འཕྲེང་ཤང་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་ཆེད་ལས་པ་བྱམས་སྒྲོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཆེན་མོ་སྤེལ་བ་ནས་བཟུང་། གསུམ་འཕྲེང་ཤང་གིས་གཟའ་འཁོར་རེར་ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ནས་གཟའ་འཁོར་རེའི་གཟའ་ཟླ་བ་དང་གཟའ་ལྷག་པར་དུས་བཀག་ལྟར་ཤང་དང་གྲོང་ཚོའི་ནང་གད་ཕྱིས་བྱེད་ཀྱི་ཡོད་པས། སྒྲིག་འགལ་གཉིས་ཀྱི་བཅོས་སྒྲིག་ལས་དོན་ནང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། སྒྲིག་འགལ་སྐྲུན་དངོས་བཤིག་རྗེས་ཀྱི་གད་སྙིགས་ཚང་མ་གཙང་སེལ་བྱས་ཟིན་པ་རེད། ང་ཚོས་གཟའ་འཁོར་རེར་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་ལས་དོན་ཐེངས་གཉིས་རྒྱུན་རྣམ་ཅན་དུ་སྤེལ་ནས་མཛེས་སྡུག་དང་། ཞི་མཐུན། ཤེས་དཔལ་བཅས་ལྡན་པའི་མིའི་འཚོ་སྡོད་ཁོར་ཡུག་སྔར་བས་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

འདི་ཕྱོཊ་སུ་གསུམ་འཕྲེང་གྲོང་ཚོའི་གྲོང་མི་ཚོར་རྒྱ་ཆེ་ལ་དཀར་ཆ་དོད་པའི་ལམ་བུ་གསར་པ་ཞིག་ཡོད་པ་དང་། ཕར་ཕྱོགས་སུ་བྱང་ཁ་ཤང་མདུན་གྲོང་གྲོང་ཚོའི་གྲོང་མི་ཚོས་ཀྱང་གྲོང་ཚོའི་ནང་སྤྱི་གླིང་ཆུང་ཆུང་ཞིག་བསྐྲུན་པར་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད།

མདུན་གྲོང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་དེ་སྔ་ང་ཚོའི་གྲོང་ཚོར་གླིང་ག་གཏོང་ཡུལ་གཅིག་ལས་མེད། རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད། ད་ཆ་ང་ཚོའི་གྲོང་ཚོར་མཛེས་སྡུག་ལྡན་པའི་སྤྱི་གླིང་ཞིག་བསྐྲུན་ཡོད། ཞིང་དལ་སྐབས་སུ་གྲོང་མི་ཚོ་དེ་གར་འཛོམས་ནས་སྒོར་གཞས་འཁྲབ་ཆོག་ལ་ཚང་མར་ཅི་འཕྲོས་མོལ་འཕྲོས་བྱ་ཡུལ་ཡག་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད་ཅེས་དགའ་ཚོར་ཆེན་པོའི་ངང་བཤད།

སྟོན་མཇུག་ཏུ་མདུན་གྲོང་གྲོང་ཚོའི་སྤྱི་གླིང་ནང་གསེར་མདོག་གི་ཤིང་ལོ་གང་སར་ལྷུང་ནས་སྟོན་ཁའི་མཛེས་པ་རབ་ཏུ་མངོན་ཡོད། གྲོང་མི་རྣམས་སྤྱི་གླིང་ནང་གི་རྐུབ་སྟེགས་རིང་པོའི་ཐོག་བསྡད་དེ་ཉི་མ་སྲོ་བའམ་ཡང་ན་སྒོར་གཞས་འཁྲབ་ནས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད། བདེ་སྐྱིད་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་དེ་ལྟ་བུ་ནི་མདུན་གྲོང་གྲོང་ཚོ་ཙམ་མ་ཡིན། ན་ནིང་ནས་བཟུང་།ལྷུན་གྲུབ་རྫོང་བྱང་ཁ་ཤང་གིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ཀྱི་བླང་བྱར་དམ་པོར་དམིགས་ནས་དོན་ཆེན་བཞིར་དམིགས་པའི་ཐོག་ནས་མིའི་འཚོ་སྡོད་ཁོར་ཡུག་གི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད། ཁོར་ཡུག་འཕྲོད་བསྟེན་དང་། ཁྲིམས་ལས་འགལ་བའི་འཛུགས་སྐྲུན། ཟང་ཟིང་གི་གློག་སྐུད། ལམ་ངོས་གས་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་པ་ཕུད། ད་དུང་གྲོང་གསེབ་འཛུཊ་སྐྲུན་ལ་དམིགས་ཏེ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔའི་བར་བྱང་ཁ་ཤང་གིས་རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་1.2ལྷག་ཙམ་བཏང་ནས་ཁོངས་གཏོགས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་4རུ་འཚོ་སྡོད་དང་། ལས་གཉེར། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུཊ་སྐྲུན་དང་གྲོང་ཚོའི་རྣམ་པ་བཅས་ལེགས་སུ་བཏང་བ་དང་། གྲོང་ཚོ་དང་ཚོགས་ཆུང་གི་མ་ལམ་དང་དེ་བཞིན་དུད་ཚང་གི་འགྲོ་ལམ་མཁྲེགས་འགྱུར་བྱས་པ། གསང་སྤྱོད་གསར་བརྗེ་དང་མི་ཕྱུཊ་ལོགས་དབྱེ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ཆུ་འབུད་མདོང་ལམ་སྨི་ཁྲི་2ལྷག་ཙམ་འཆར་འགོད་འཛུཊ་སྐྲུན་བྱས་པ། ལམ་སྒྲོན་200ལྷག་ཙམ་བཙུགས་པ། གྲོང་ཚོ་དང་ཚོགས་ཆུང་ལ་གད་སྙིགས་བླུགས་སྣོད་སྤྲད་པ། གྲོང་གསེབ་ཀྱི་བཙོག་ཆུ་དང་འཚོ་བའི་གད་སྙིཊ་བཅོས་སྒྲིག་ནུས་ལྡན་ཐུབ་པ་བཅས་བྱུང་ནས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་པ་ལས་བྱུང་བའི་ཉམས་འགྱུར་གསར་པ་དང་།

རྣམ་པ་གསར་པ། གཟུགས་བརྙན་གསར་པ་བཅས་ཕྱོགས་ཡོངས་ནས་མངོན་ཡོད་པ་རེད།

བྱང་ཁ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མེ་ཆིང་སུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་།བྱང་ཁ་ཤང་གིས་གྲོང་ཁྱེར་དང་རྫོང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལ་དམིགས་པ་དང་།ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། དྲིལ་བསྒྲགས་སྐུལ་སློང་། གྲོང་གསེབ་འཛུགས་སྐྲུན། ཕུགས་ཕན་གྱི་དོ་དམ་སྲུང་སྐྱོང་བཅས་ལ་དམིགས་ནས་དོན་ཆེན་བཞིར་དམིགས་པའི་ཐོག་ནས་མིའི་འཚོ་སྡོད་ཁོར་ཡུག་གི་རྣམ་པ་གསར་པར་སྐུལ་འདེད་བཏང་ཡོད། ཕྱིས་འབྱུང་།བྱང་ཁ་ཤང་གིས་མཉམ་འདྲེས་བཞིའི་ཐོག་ནས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་རྒྱུན་འཁྱོངས་བྱ་རྒྱུ་ཡིན། མིའི་འཚོ་སྡོད་ཁོར་ཡུག་ལ་བཅོས་སྒྲིག་བྱ་རྒྱུ་དེ་གྲོང་སྲོལ་དམངས་ཆིངས་དང་། ཏང་གི་ཉིན་མོའི་བྱེད་སྒོ། བསམ་པའི་དཔལ་ཡོན་སྲོལ་གཏོད་བཅས་ཀྱི་ནང་དུ་ཁྱབ་པར་བྱ་རྒྱུ་མ་ཟད། སྒྱུར་བཅོས་ཀྱི་ལག་ལེན་ནང་དུའང་ཁྱབ་པར་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་དེ་བྱང་ཁ་ཤང་དུ་རྩ་བ་ཚུགས་པ་དང་གྲུབ་འབྲས་ཐོན་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་ནི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་དམངས་སེམས་ཀྱི་ལས་གྲྭ་ཞིག་དང་བྱ་བ་དངོས་ཀྱི་ལས་གྲྭ་ཞིག་ཡིན་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་ཡོང་བར་མ་ཟད། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་དེ་བས་ཆེ་རུ་ཏན་ཏིག་གཏོང་ཐུབ། ལོ་གཅིག་རིང་།ལྷུན་གྲུབ་རྫོང་གིས་གྲོང་དོན་གྱི་སྒྲིག་བཀོད་ཐད་ཞན་ཆ་གསབ་པ་དང་། གྲོང་དོན་གྱི་སྒྲིག་བཀོད་1880ལྷག་ཙམ་མུ་མཐུད་ཉམས་གསོ་བྱས་པ། རྫོང་གྲོང་དུ་འཕྲུལ་སྒུལ་འཁོར་རིགས་འཇོག་ས་456དང་འཕྲུལ་སྒུལ་འཁོར་རིགས་མིན་པའི་འཁོར་རིགས་འཇོག་ས་12གསར་དུ་བཙུགས་པ།ཚན་པ་ཁག་གི་རླངས་འཁོར་འཇོག་ས་རིན་མེད་ངང་སྒོ་ཕྱེ་བ། འཕྲུལ་སྒུལ་འཁོར་རིགས་མིན་པའི་གློག་གསོག་ཁང་10མང་དུ་བཏང་བ་བཅས་བྱས་ནས་རླངས་འཁོར་འཇོག་དཀའ་བ་དང་གློག་གསོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ཁོར་ཡུག་འཕྲོད་བསྟེན་གྱི་གནད་དོན་ལ་དམིགས་ནས་རྫོང་ཡོངས་སུ་གད་སྙིགས་བླུགས་སྣོད་972བཞག་པ་དང་། གད་སྙིགས་དབོར་འདྲེན་རླངས་འཁོར་32བཀོད་སྒྲིག་བྱས་པ། གད་སྙིགས་རིགས་དབྱེའི་སྐར་གསོག་ལས་སྒོ་རྩིས་ཚོང་ཁང་དུ་དངོས་ཟོག་བརྗེ་རྒྱུ་སྤྱད་ནས་ཁྱོན་སྐར་གསོག་ཁྲི་5.9སྤྱད་དེ་སྒོར་ཁྲི་2ལྷག་ཙམ་བརྗེས་པ། གད་སྙིགས་དབོར་འདྲེན་ས་ཚིགས་ཀྱི་རྣམ་གྲངས་བརྒྱ་ཆ་30ལེགས་གྲུབ་ཟིན་ནས་ལས་བྱེད་པས་ཁྲིད་སྟོན་དང་མང་ཚོགས་ཞུགས་པའི་རྣམ་པ་ཉིན་བཞིན་ཟབ་ཏུ་ཕྱིན་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། འདི་ལོ་ཤིང་སོན་ཁྲི་1.4ལྷག་ཙམ་འདེབས་འཛུགས་དང་གསབ་འདེབས་བྱས་ནས་གྲོང་ཁྱེར་སྔོ་འགྱུར་ལེགས་སུ་ཤུགས་ཆེན་བཏང་བ་དང་།《ལྷུན་གྲུབ་རྫོང་གྲོང་གི་སྔོ་འགྱུར་ཁོར་ཡུག་ལེགས་སུ་གཏོང་བའི་ཆེད་དོན་འཆར་འགོད》བཟོས་ནས་མཛེས་སྡུག་ལྡན་པའི་འགྲོ་ལམ་གྱི་དྲ་བ་ཧུར་ཐག་བཏོད་དེ་ས་མཐོའི་ཁྱད་ཆོས་ལྡན་པའི་འབྲི་ཆུའི་ལྷོ་རྒྱུད་ཀྱི་གྲོང་རྡལ་ཆུང་ངུ་བཏོད་པ། གཞུང་ལམ་འགྲིམ་འགྲུལ་བཅོས་སྒྲིག་ཡག་པོ་བྱས་ཤིང་།འདི་ལོ་ནས་བཟུང་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཁྱོན་ཁྲི་1ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་།ལམ་ངོས་སྨི་ངོས་གྲུ་8000མཁྲེགས་འགྱུར་བྱས་ནས་མང་ཚོགས་ཕྱིར་བསྐྱོད་རྒྱུར་དེ་བས་སྟབས་བདེ་བྱུང་བ། ཁྲོམ་རའི་གཉེར་སྐྱོང་རྒྱུན་མཐུད་ངང་ཚད་ལྡན་དུ་བཏང་ཞིང་། བཅོས་སྒྲིག་དང་དྲིལ་བསྒྲགས་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། བཅོས་སྒྲིག་ལ་ལྟ་སྐུལ། ཚོང་དུད་ལ་གཉེར་སྐྱོང་ཚད་ལྡན་ཡོང་རྒྱུར་ཁྲིད་སྟོན། སྒོ་མདུན་རང་ལེན་དོན་འཁྱོལ་བཅས་བྱས་ནས་གནད་དོན་219བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་བ། ཐོན་སྐྱེད་བདེ་འཇགས་ཀྱི་གྲུབ་འབྲས་བརྟན་དུ་བཏང་ཞིང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་རིགས་ཁག་གི་ཐོན་སྐྱེད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་196ཤེས་རྟོགས་བྱུང་བ་དང་བཅོས་སྒྲིག་བྱས་པ། འབྱུང་འཕྲོད་ཀྱི་གཏེར་རི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ། རིག་ནུས་གཏེར་རི་འཛུགས་སྐྲུན་ཤུགས་ཆེན་བྱས་པ། གཏེར་རིར་བརྒྱུད་རིམ་ཅན་དང་གློག་རྡུལ་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་བཅས་བྱས་ཡོད། ཕྱིས་འབྱུང་།ལྷུན་གྲུབ་རྫོང་གིས་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པའི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཆེན་པོ་བརྒྱད་རྒྱུན་རྣམ་ཅན་དང་ཕུགས་ཕན་གྱི་སྒོ་ནས་ལག་ལེན་བསྟར་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་ལ་མྱོང་ཚོར་གང་ལེགས་ཐུབ་པ་དང་ཕན་པ་དངོས་ཐོབ་པར་བྱ་རྒྱུ་ཡིན་པ་རེད།

(བསྟན་རྡོར་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-28 6 6 拉萨日报藏文 c191812.html 1 གང་སར་མཛེས་སྡུག་མངོན། མཛེས་པ་མཉམ་དུ་གནས་ཞེས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ། /enpproperty-->