ཟླ་11ཚེས་22ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ(གཤམ་དུ“ལུས་རྩལ་འགྲན་ཚོགས”ཞེས་བསྡུ་རྒྱུ)ཧའེ་ནན་སན་ཡ་རུ་འགོ་ཚུགས་ཤིང་། ལུས་རྩལ་གཞིར་བྱེད་པ་དང་། རིག་གནས་སྦྲེལ་ཟམ་དུ་བྱེད་པ། མཐུན་སྒྲིལ་རྩ་བར་འཛིན་པ་བཅས་ཀྱི་རྒྱལ་ཡོངས་ཀྱི་མི་རིགས་56ནས་ཡོང་བའི་ལུས་རྩལ་པ་དང་སྐུ་མགྲོན་ཁྲི་གཅིག་ལ་ཉེ་བ་མཛེས་སྡུག་ལྡན་པའི་ལུའུ་གྲོང་དུ་དགའ་སྤྲོའི་ངང་མཉམ་དུ་འཛོམས་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཚོགས་གཟབ་རྒྱས་དང་མང་ཚོགས་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ནང་མཉམ་དུ་ཞུགས་ཡོད།
ལོ་བཞི་རེའི་ནང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཐེངས་རེ་སྤེལ་གྱི་ཡོད་ཅིང་། 1953ལོ་ནས་ད་ལྟའི་བར་དུ་ལོ་ངོ་71འདས་ཟིན། དེ་ནི་རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུའང་གྱུར་ཡོད།
དུས་རབས་གསར་པར། རང་རྒྱལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད་ཅིང་། མི་རིགས་ཁག་གི་མི་དམངས་ཀྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ནས་མི་རིཊ་ཁག་གི་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། གསར་གཏོད་བཅས་བྱུང་ཡོད།
རིག་གནས་ཀྱི་རྒྱུན་ལེགས་པར་འཛིན་པས། གནའ་དེང་ཀུན་ཏུ་འོད་མདངས་རབ་ཏུ་འཕྲོ། འདི་ནི་རྩ་བ་དང་འབྱུང་ཁུངས་མཚུངས་པའི་འདུ་ཚོགས་གཟབ་རྒྱས་ཤིག་རེད།
འགོ་ཚུགས་མཛད་སྒོའི་ཐོག ལི་རིགས་ཀྱི་དམངས་ཁྲོད་བཤད་རྒྱུན་ཁྲོད་ཀྱི“ཀན་ཀོང་བྱ”ཡིས་འབྲས་ལྡན་སྙེ་མ་འཁྱེར་ཡོད་པས། རྨོ་ཞིང་འདེབས་པའི་རྣམ་པ་ཞིག་རིམ་གྱིས་མངོན་བཞིན་ཡོད།
དེའི་རྗེས་སུ་སུང་རྒྱལ་རབས་ཀྱི་དུས་མཇུག་དང་ཡོན་རྒྱལ་རབས་ཀྱི་དུས་འགོའི་གྲགས་ཅན་སྲིང་བལ་འཁེལ་འཐག་མཁས་ཅན་ཧོང་ཏའོ་ཕའོ་ཡི་གཟུགས་བརྙན་གར་སྟེགས་ཐོག་མངོན་ཡོད། ཁོང་གིས་དེ་སྔ་ཧའེ་ནན་དུ་ལི་རིགས་མི་དམངས་ལ་དར་གོས་འཐག་སྟངས་བསླབས་ཤིང་། འཁལ་འཐག་ལག་རྩལ་དང་ལག་ཆ་རྣམས་འབྲི་ཆུའི་ལྷོ་རྒྱུད་དུ་ཁྱེར་བས། ས་གནས་དེ་གའི་འཁལ་འཐག་ལས་རིཊ་ཀྱི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད།
སྙན་པའི་གྲགས་པ་རི་ཀླུང་ཀུན་ཏུ་གྲགས། མཛེས་སྡུག་དང་བློ་གྲོས་ལྡན་པའི་ཨ་ཧྲི་མ་དང་། དཔའ་ངར་ཞུམ་མེད་ཀྱི་གེ་སར་རྒྱལ་པོ། སྤྱང་གྲུང་ལྡན་ཞིང་སེམས་བཟང་བའི་ཨ་ཧྥན་ཐི་སོགས་མི་རིགས་མི་འདྲ་བའི་རང་རང་གི་ཁྱད་ཆོས་ལྡན་པའི་མི་སྣའི་གཟུགས་བརྙན་དཔེ་དེབ་དང་བརྙན་སྒྲའི་ནང་བཅུག་ནས་དར་ཁྱབ་ཆེན་པོ་བྱུང་བ་དང་། མི་སེམས་སུ་གཏིང་ཟབ་འཇགས་ཡོད།
རང་རྒྱལ་གྱི་མི་རིགས་ཁག་དབར་གྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་སྔར་ནས་ད་བར་ཟབ་ཅིང་། ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་བློ་སེམས་འགུགས་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཧ་ཅང་ཆེ་བའི་ཀྲུང་ཧྭའི་ཤེས་རིག་ཅིག་ཏུ་རིམ་གྱིས་འདུས་ཡོད།
ང་ཚོའི་ཀྲུང་ཧྭའི་ཤེས་རིག་ནི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པས། དེ་ནི་འཛམ་གླིང་ཐོག་མཚམས་མ་ཆད་པར་ད་ལྟའི་བར་འཕེལ་རྒྱས་བྱུང་བའི་ཤེས་རིག་གཅིག་པུ་དེ་ཡིན། ཀྲུང་ཧྭའི་ཤེས་དཔལ་ལ་མངོན་གསལ་དོད་པའི་རྒྱུན་མཐུད་རང་བཞིན་དང་། གསར་གཏོད་རང་བཞིན། གཅིག་གྱུར་རང་བཞིན། ཁོང་ཡངས་རང་བཞིན། ཞི་བདེའི་རང་བཞིན་བཅས་ལྡན་ཡོད་པས། མི་རིགས་ཁག་གི་ཐུན་མོང་གི་རིན་ཐང་འདུ་ཤེས་དང་ཕུགས་བསམ་དོན་གཉེར་མཚོན་གྱི་ཡོད།
གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ངང་མཛེས་སྡུག་ལྡན་པའི་ཀྲུང་ཧྭ་མཉམ་དུ་གཏོད་བཞིན་ཡོད།
རི་ཀླུང་ཡངས་ཤིང་རྒྱ་ཆེ་ལ་ལས་དབང་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན། འདི་ནི་མཛེས་པ་ཀུན་གཅིག་ཏུ་འདུས་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན།
ལུས་རྩལ་ནི་ཀྲུང་ཧྭ་མི་རིགས་ཀྱི་གནའ་ནས་ད་བར་གྱི་དགའ་ཕྱོགས་གལ་ཆེན་ཞིག་ཡིན་ཞིང་། མི་རིགས་56རྒྱ་ཁྱབ་ཏུ་གནས་པའི་ས་ཁུལ་མི་འདྲ་བ་ཁག་ཏུ་མངོན་བཞིན་ཡོད།
བྱང་ཕྱོགས་ཀྱི་རྩྭ་ཐང་དུ་ན་ཏ་མུའུ་ནི་སོག་རིགས་ཀྱི་དཔའ་བོའི་རོལ་རྩེད་ཅིག་ཡིན་པ་དང་། ལྷོ་ནུབ་ཀྱི་མཐའ་མཚམས་སུ་ཅིང་ཕོ་རིགས་ཀྱིས་ལོ་རྒྱུས་གཟི་གླུའི་ནང་དུ་བྲིས་ཤིང་། འཚོ་རླུང་དཀོན་པའི་ས་མཐོའི་ཁུལ་དུ་བོད་རིགས་མི་དམངས་ཚོས་མེ་ཕུང་སྐོར་ནས་སྒོར་གཞས་འཁྲབ། ཧའེ་ནན་ཏའོ་གླིང་ཕྲན་གྱི་ལི་རིགས་སྤུན་ཟླ་ཚོས་སྨྱུག་དབྱུག་ཞབས་བྲོ་འཁྲབ་ནས་ལོ་གསར་པར་རྟེན་འབྲེལ་ཞུ་བ་སོགས་བྱེད་ཀྱི་ཡོད།
“མདའ་རྩལ་འགྲན་བསྡུར”ནི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ས་ཁོངས་ཀྱི་ཁྱབ་རྒྱ་ཧ་ཅང་ཆེན་པོ་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཁྱོན་འགྲན་བསྡུར་རྣམ་གྲངས་18དང་། རྣམ་གྲངས་ཆུང་གྲས149 འཁྲབ་སྟོན་རྣམ་གྲངས་རིགས་ཆེ་བ་གསུམ་གྱི་རྣམ་གྲངས་ཆུང་གྲས་170བཅས་ཡོད་པ་དེ་དག་ལས་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཉམས་འགྱུར་གང་ལེགས་མངོན་གྱི་ཡོད། ལུས་རྩལ་འགྲན་ཚོགས་གཉེར་རྒྱུ་མཐའ་འཁྱོངས་བྱས་པ་བརྒྱུད། སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་མང་པོ་ཞིག་ལ་ལུང་མང་པོ་བརྒལ་ནས་མང་ཚོགས་ཀྱི་མིག་ལམ་དུ་བཤམས་ཤིང་། རིག་གནས་ཀྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་མངོན་འགྱུར་བྱུང་ཡོད།
རང་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁོངས་ལས་སྣ་མང་ཕུན་སུམ་ཚོགས་པའི་ས་གནས་ཀྱི་རིག་གནས་གྲུབ་ཡོད། མི་རྣམས་ཀྱི་ལུས་ལ་གཟབ་མཆོར་མི་འདྲ་བ་སྤྲས་ཤིང་ངག་ནས་ཡུལ་སྐད་མི་འདྲ་བ་སྨྲ་ན་ཡང་། རྩ་བ་གཅིག་གིས་གཅིག་ལ་འབྲེལ་ཞིང་བསམ་འདུན་གཅིག་ཏུ་མཐུན་ཡོད། མི་རིགས་ཁག་གིས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། མཉམ་ཤི་མཉམ་གསོན། ལས་དབང་མཉམ་འཁུར་བཅས་བྱེད་ཀྱི་ཡོད་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་དད་སེམས་གཅིག་མཚུངས་དང་། རིག་གནས་གཅིག་མཐུན། དཔལ་འབྱོར་རྟེན་རེས། བརྩེ་དུང་ཟབ་པོ་བཅས་ཡིན། གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ངང་ལ་ཀླུང་མང་པོར་བརྒལ་ནས་མཉམ་དུ་འཛོམས་ཡོད།
ཕུགས་འདུན་ལ་གཤོག་ཟུང་ཐོགས་ཤིང་། དམངས་སེམས་གཅིག་ཏུ་མཐུན། འདི་ནི་མ་འོངས་པར་མཉམ་དུ་སྐྱོད་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན།
ལོ་ངོ་71རིང་། མི་རིགས་ཁག་གི་སྤུན་ཟླས་ལུས་རྩལ་འགྲན་བསྡུར་གྱི་ཟམ་པ་དེ་བརྒྱུད་ནས་མཉམ་དུ་འགྲན་བསྡུར་དང་མཉམ་སྤྲོའི་བྱེད་སྒོ་སྤེལ་བ་དང་། ལོ་ངོ་71རིང་།ལུས་རྩལ་འགྲན་ཚོགས་དེ་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་རིག་གནས་འགྲེམས་སྟོན་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཏུ་གྱུར་ཅིང་། མི་རིགས་ཁག་གི་རིག་གནས་ཀྱིས་ལུས་རྩལ་འགྲན་ཚོགས་ཐོག་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཕན་ཚུན་མྱོང་རོལ་བྱེད་པ། ཐུན་མོང་ཐོག་དར་རྒྱས་བཅས་བྱུང་ནས་ཀྲུང་ཧྭའི་རིག་གནས་མོས་མཐུན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
ལུས་རྩལ་ནི་རྩལ་ནུས་འགྲན་བསྡུར་ཙམ་མ་ཡིན་པར། དེས་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་དར་རྒྱས་ཡོང་བའི་ཕུགས་འདུན་ཡང་མཚོན་གྱི་ཡོད། ལུས་རྩལ་དར་ན་ཀྲུང་གོ་དར་བ་དང་། རྒྱལ་ཁབ་འཕེལ་ན་ལུས་རྩལ་ཡང་འཕེལ་ཐུབ།
2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག ཡུ་གུར་རིགས་ཀྱི་བུ་མོ་སྟེ།བྱེས་བགྲོད་གངས་ཤུད་ཀྱི་མི་རབས་གསར་པའི་ལུས་རྩལ་པ་ཏི་ཉི་ཀེར·དབྱི་ལ་མུའུ་ཅང་དང་རོགས་པ་ཀྲའོ་ཅ་ཝུན་གྱིས་དཔལ་འབར་གཙོ་བོ་སྤར་བ་དང་།མཚོ་སྔོན་མཚོ་བྱང་ནས་ཡིན་པའི་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལ་རྒྱལ་སྤྱིའི་འདུར་རྒྱུགས་འགྲན་བསྡུར་གྱི་གར་སྟེགས་ཐོག་གཟི་བརྗིད་མཚན་སྙན་ཡང་ཡང་ཐོབ་ཅིང་། 2023ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་རྒྱུགས་འགྲན་བསྡུར་ཁྲོད་དུ་གསེར་གྱི་རྟགས་མ་ཐོབ་པ་རེད།
ཀྲུང་གོའི་མི་རིགས་56ནས་ཡོང་བའི་ལུས་རྩལ་པ་ཚོས་རང་སོ་སོའི་འགྲན་རར་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱས་ཏེ། རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་ཀྱི་ཡོད། ཁོང་ཚོ་ནི་ཀྲུང་གོའི་ལུས་རྩལ་གྱི་སྟོབས་ཤུགས་གསར་པ་དང་ཀྲུང་ཧྭའི་ཤེས་རིག་གི་རྒྱུན་འཛིན་པ་ཞིག་ཡིན་ལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབྱུང་འགྱུར་གཏོད་པའི་བུ་ཕྲུག་ཡག་པོ་ཞིག་དེ་བས་ཀྱང་ཡིན།
གྲུ་གཡོར་བསྒྲེངས་ནས་ལམ་ཐག་གསར་པར་སྐྱོད་པ་དང་དུས་རབས་གསར་པར་འབད་པས་སྐྱོད། བློ་སེམས་གཅིག་སྒྲིལ་ངང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མི་རིགས་ཁག་གིས་གཅིག་སེམས་གཅིག་སྦྲེལ་དང་སེམས་ནུས་གཅིག་སྒྲིལ་བྱེད་དགོས། ལུས་རྩལ་གཞིར་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་འཕེལ་བར་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་ཀྱི་རླབས་རྒྱུན་ཁྲོད་དུ་འབད་འཐབ་ལྷོད་མེད་ངང་སྐྱིད་པའི་འཚོ་བ་མཉམ་དུ་གཏོད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་སན་ཡ་ནས་ཟླ་11ཚེས་22ཉིན་འབྱོར་བའི་གློག་འཕྲིན)
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社