2024ལོའི་ཟླ་11ཚེས་8ཉིན་ནི་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་25པ་དེ་ཡིན་ཞིང་། དེ་ནི་རྒྱ་ཆེའི་གསར་འགྱུར་ལས་དོན་པར་དབང་བའི་དུས་ཆེན་ཞིག་ཡིན། ཏང་གི་སྲིད་ཇུས་ཀྱི་བཞེད་དགོངས་ཟབ་མོའི་བརྒྱུད་བསྒྲགས་པ་དང་། དུས་རབས་འགྱུར་ལྡོག་གི་ཟིན་འགོད་པ། སྤྱི་ཚོགས་ཡར་ཐོན་གྱི་སྐུལ་འདེད་པ། དྲང་གཞག་བདེན་སྐྱོང་གི་ལྟ་སྲུང་བ་བཅས་ཡིན་པའི་ངོས་ནས། དམིགས་བསལ་གྱི་དུས་སྐབས་འདིར་ཁོང་ཚོས་གསར་འགྱུར་གྱི་འཐབ་ས་མདུན་མ་སྔར་བཞིན་བརྟན་པོར་སྲུང་བཞིན་ཡོད། ཁོང་ཚོས་པར་ཤེལ་ལ་བརྟེན་ནས་བདེན་དོན་གྱི་བཞིན་རས་སྲུང་གིན། པིར་རྩལ་ལ་བརྟེན་ནས་དོན་དངོས་ཀྱི་འཚོ་བ་གླེང་ཞིང་། སྐད་ངག་གི་འགྱུར་ཁུག་ལ་བརྟེན་ནས་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཏེ། འགྱུར་བ་མེད་པའི་དད་སེམས་དང་ཉམས་པ་མེད་པའི་ཡིད་ཆེས་ལ་བརྟེན་ནས་གསར་འགྱུར་ལས་དོན་པའི་བླ་ན་མེད་པའི་འགན་འཁྲི་མཚོན་པར་བྱེད་བཞིན་ཡོད།
དེ་རིང་། ང་ཚོས་པར་ཤེལ་དེ་རང་ཉིད་ལ་ཕྱོགས་ནས་རང་ཉིད་ལ་རྩ་ཆེའི་པར་ངོས་ཤིག་བཞག་ཡོད་ཅིང་། པར་ཤེལ་དེ་བཅར་འདྲི་བྱ་ཡུལ་མང་པོའི་ཐོག་ནས་གསར་འགྱུར་བྱ་གཞག་ཁྲོད་དུ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་ལས་དོན་པ་མི་རེ་ངོ་རེའི་ཕྱོགས་སུ་བསྒྱུར་ཡོད། ཁོང་ཚོ་ནི་སྦས་པའི་རྟུལ་ཞུགས་འཛིན་མཁན་གྱི་དཔའ་བོ་ཞིག་དང་གཉིས་སུ་མ་མཆིས། ཁོང་ཚོས་སེམས་ནུས་ཡོད་རྒུ་རྩལ་སྤྲུག་བཏོན་ནས་གསར་འགྱུར་བྱ་གཞག་གི་ཡངས་ཤིང་རྒྱ་ཆེ་བའི་ཞིང་ས་གཤིན་པོར་འབད་འཐབ་བྱེད་བཞིན་ཡོད།
སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་རྒྱབ་ལྗོངས་འོག ཆ་འཕྲིན་བརྒྱུད་སྤེལ་གྱི་རྣམ་པ་དང་གཞི་རྟེན་ལ་རྒྱུན་མཐུད་ངང་འགྱུར་ལྡོག་ཕྱིན་ཏེ། སྨྱན་སྦྱོར་གསར་པའི་རྣམ་པ་རྒྱུན་ཆད་མེད་པར་ཐོན་པ་དང་བརྒྱུད་སྤེལ་གྱི་ཐབས་ལམ་དེ་བས་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། གསར་འགྱུར་ལས་དོན་པས་གསར་འགྱུར་བྱ་གཞག་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་བཞིན་ཡོད། ཁོང་ཚོ་ནི་ཆ་འཕྲིན་གྱི་རླབས་རྒྱུན་ཁྲོད་ཀྱི་ལམ་སྟོན་གྱི་སྒྲོན་མེ་ཞིག་དང་འདྲ་བར་མང་ཚོགས་ལ་ཆ་འཕྲིན་བརྒྱུད་སྤྲོད་བྱེད་ཀྱི་ཡོད་ལ། ཆ་འཕྲིན་གྱི་སྨུག་སྤྲིན་བསལ་ནས་མང་ཚོགས་ལ་འཛམ་གླིང་གི་བཞིན་རས་ངོ་མ་གསལ་པོར་མཐོང་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད།
འདས་ཟིན་པའི་ལོ་གཅིག་ནང་། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགྱུར་ལས་དོན་པས་པིར་རྩལ་རྩ་བར་འཛིན་ཏེ། མཐོང་ཐོས་མྱོང་གསུམ་ལ་བརྟེན་ནས་ལྷ་སའི་རྣམ་པ་བཟང་པོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། དབྱར་གྱི་དྲོ་འཇམ་ཕར་ལ་བསྐྱལ་ནས་དགུན་གྱི་གྲང་ངར་ཚུར་ལ་བསུ་བའི་མཚམས་སུ་ཁོང་ཚོས་གོམ་སྟབས་བརྟན་པོར་སྤོས་ཏེ། པར་ཤེལ་ལ་བརྟེན་ནས་ཞིང་ས་གཤིན་པོ་དེའི་གྲུ་ཟུར་རེ་རེའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྙན་ལམ་དུ་ཕབ་ཅིང་། པིར་རྩལ་ལ་བརྟེན་ནས་མི་སེམས་ལ་དྲོད་ཁོལ་སྦྱིན་པའི་གཏམ་རྒྱུད་རེ་རེ་ཡིག་ཐོག་ཏུ་ཕབ་བཞིན་ཡོད། དེ་བཞིན་པིར་རྩལ་ལ་བརྟེན་ནས་གྲོང་ཁྱེར་དེར་གསོན་ཉམས་དོད་ལ་རྩ་ཆེ་བའི་དྲན་འཆར་མང་པོ་འཇོག་བཞིན་ཡོད།
གསར་འགྱུར་བྱ་གཞག་ནི་ལང་ལོང་དུ་འཕྱུར་བའི་རླབས་ཕྲེང་བཞིན་ནམ་ཡང་མཚམས་འཇོག་རྒྱུ་མེད་པའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་ལ། རྒྱ་ཆེའི་གསར་འགྱུར་ལས་དོན་པ་ནི་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་བཞིན་པའི་ལམ་འགྲོ་བ་ཞིག་དང་འདྲ་བར་འགྲན་སློང་དང་རེ་བས་ཁེངས་པའི་ལམ་བུར་མདུན་སྐྱོད་བྱེད་བཞིན་ཡོད།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社