分享按钮

(པར་ངོས་དང་པོར་མཐུད)གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པས་དེ་སྔ་ལུང་ཁུག་དང་རྗེས་ལུས་ཡིན་པའི་གྲོང་གསེབ་ཀྱི་གྲོང་ཚོ་ཆུང་ངུ་དེ་ཞིང་འབྲོག་པའི་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་གྲོང་ཚོར་རིམ་གྱིས་གྱུར་ཡོད།

ཟས་ཕུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཏེ་བོད་ལྗོངས་གཡང་དཀར་ཞིང་འབྲོག་ཐོན་རྫས་ལས་སྣོན་ཚད་ཡོད་ཀུང་སིར་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་རྒྱ་ཁྱོན་ལ་སྨི་ངོས་གྲུ་20ལྷག་ཙམ་ཟིན་པའི་སྣུམ་འཚག་ཁང་དེ་རེད། ལས་དོན་མི་སྣའི་བཀོལ་སྤྱོད་འོག་པད་ཁའི་རྡོག་རེ་རེ་ཞིབ་འཐག་དང་། དཀྲུག་པ། བཙག་པ་བཅས་བྱས་པ་བརྒྱུད་དྲི་ཞིམ་འཐུལ་བའི་པད་ཁའི་སྣུམ་དུ་གྱུར་བཞིན་ཡོད། ཟས་ཕུ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལྷག་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོའི་ཟླ་7པར། ཟས་ཕུ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་ཆུ་ཤུར་རྫོང་གི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་སྒྱུར་བཀོད་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་དེ་ཧྲུའུ་ཅིས་སྣེ་ཁྲིད་པའི་འདུ་འགོད་ལ་བརྩིས་ནས་གྲོང་ཚོའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཁེ་ལས་དེ་བཙུགས་པ་རེད། ཏང་འཛུགས་སྐྱོང་གིས་ཁེ་ལས་དང་མཉམ་ལས་ཁང་ཟུང་འབྲེལ་ལ་སྣེ་ཁྲིད་བྱེད་པའི་བྱེད་སྟངས་ཐོག་ནས་ཆུ་འཐག་རྩམ་པ་དང་ས་མཐོའི་པད་ཁའི་སྣུམ་སོགས་ཞིང་ཞོར་ཐོན་རྫས་བཏོན་པ་དང་། དྲ་ཕྱི་དང་དྲ་ཐོག་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་ཕྱིར་འཚོང་བྱས་ནས་གྲོང་མི་ཚོར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད་པ་རེད།

ལྷག་པ་ཚེ་རིང་གིས་ང་ཚོའི་ཟས་ཕུ་གྲོང་ཚོ་ནི་ཆུ་ཤུར་རྫོང་གི་ཆེས་ལུང་ཁུག་གི་གྲོང་ཚོ་ཞིག་ཡིན་པ་དང་དཔལ་འབྱོར་གྱི་རྨང་གཞི་ཞན་ཙམ་ཡོད་མོད། འོན་ཀྱང་ང་ཚོའི་འདི་གར་ས་བབ་མཐོ་ཚད་སྨི་3800ཟིན་པའི་ས་གཞིའི་ཐོག་ཐོན་སྐྱེད་བྱས་པའི་ནས་དང་པད་ཁའི་སྤུས་ཚད་ཧ་ཅང་ཡག་པོ་ཡོད། ང་ཚོའི་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་གྲོང་མིའི་བསམ་འཆར་བསྡུ་ལེན་བྱས་རྗེས་2023ལོའི་ཟླ་7པར་གཡང་དཀར་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཚད་ཡོད་ཀུང་སི་བཙུགས་པ་དང་། ཀུང་སི་བཙུགས་པའི་ལོ་དེར་ང་ཚོའི་ཚོང་གཉེར་གྱི་ཡོང་འབབ་སྒོར་ཁྲི་20ཟིན་ནས་གྲོང་མི་ཚོ་ཧ་ཅང་དགའ་པོ་བྱུང་སོང་ཞེས་བཤད།

པད་ཁའི་སྣུམ་དང་རྩམ་པ་ལས་སྣོན་ཐོན་ལས་ཕུད། ཟས་ཕུ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་ད་དུང་གྲོང་མི་ཚོའི་སྣེ་ཁྲིད་དེ་འབྲི་གཡག་གསོ་ཚགས་དང་གཟན་རྩྭ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། 2023ལོར། ཟས་ཕུ་གྲོང་ཚོར་ལག་ཡོད་ཕྱུགས་རིགས་མགོ་གྲངས་7054ཟིན་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ལོ་རྒྱུས་རང་བཞིན་གྱི་སྒོར་ཁྲི་100ལས་བརྒལ་ནས་མང་ཚོགས་ལ་བགོ་འགྲེམ་ཐེངས་དང་པོ་བརྒྱབ་པ་དང་གྲོང་ཚོའི་ལས་བྱེད་པར་ལས་རྗེས་ཀྱི་བྱ་དགའ་ཐེངས་དང་པོ་སྤྲད་པས་གྲོང་ཚོའི་ལས་བྱེད་པའི་ཧུར་སེམས་ཆེ་བ་དང་ཡུལ་མི་ཚོས་འཕེལ་རྒྱས་ལ་དེ་བས་ཡིད་ཆེས་ཀྱིས་ཁེངས་ཡོད།

ལྷག་པ་ཚེ་རིང་གིས་2021ལོར་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་10ལས་མེད་པ་དང་། 2022ལོར་སྒོར་ཁྲི་30ཟིན་པ། 2023ལོར་སྒོར་ཁྲི་160ཟིན་པ་བཅས་བྱུང་ཡོད། ཡུལ་མིར་ལོ་མཇུག་ཏུ་ཁེ་སྤོགས་བགོ་འགྲེམ་ཐེངས་དང་པོ་བརྒྱབ་པ་དང་དངུལ་ལྷག་མ་རྣམས་ང་ཚོས་གཙོ་བོ་གྲོང་གསེབ་འཛུགས་སྐྲུན་དང་གཞི་རིམ་བཅོས་སྐྱོང་ཐད་སྤྱད་པས་མང་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་ཅེས་ངོ་སྤྲོད་བྱས། དཔལ་འབྱོར་གྱི་རྨང་གཞིས་འདེགས་སྐྱོར་བྱས་པར་བརྟེན་ཟས་ཕུ་གྲོང་ཚོའི་གྲོང་གསེབ་བཅོས་སྐྱོང་གི་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། 2024ལོར། ཟས་ཕུ་གྲོང་ཚོས་གཙོ་གནད་མངོན་གསལ་དོད་པ་དང་། དཀའ་གནད་ཐག་གཅོད་བྱས་པ། བཀྲག་མདངས་འཚེར་ས་བཏོད་པ། འགྲིབ་ཆ་མེད་པར་བཟོས་པ་བཅས་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་ཁོར་ཡུག་ཁྲོད་ཀྱི་བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་ནུས་ཤུགས་ཡོད་རྒུས་མེད་པར་བཟོས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཀྱི་ཁྲོད་ནས་སྒོར་ཁྲི་4.5སྤྱད་དེ་གད་སྙིགས་བླུགས་སྣོད་360ཉོས་ནས་མང་ཚོགས་ཀྱི་ཁྱིམ་དུད་ལ་སྤྲད་པས་གྲོང་ཚོའི་ནང་གི་འཚོ་བའི་གད་སྙིགས་ནུས་ལྡན་དང་ཚད་ལྡན་ངང་ཐག་གཅོད་ཐུབ་ཡོད། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་ཡོན་གྱི་གཟའ་པ་སངས་ཉིན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་དང་ཏང་གི་གཙོ་དོན་ཉིན་མོ་དང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་བྱ་སྤྱོད་ཧུར་ཐག་སྤེལ་ནས་གྲོང་ཚོ་དང་ཚོགས་ཆུང་གི་འགྲོ་ལམ་གཙོ་བོའི་འཕྲོད་བསྟེན་ཞན་པའི་ཁུག་ཀྱོག་དང་འཚོ་བའི་གད་སྙིགས་གཙང་སེལ་ནུས་ལྡན་བྱས་པས་གྲོང་གསེབ་ཀྱི་རྣམ་པ་ཁྱོན་ཡོངས་ནས་ལེགས་སུ་སོང་ཡོད། ནགས་རིའི་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅིས་རུ་དཔོན་བྱས་པ་དང་། ཏང་ཡོན་དང་གཉིས་འབྲེལ་དུད་དཔོན་རྒྱ་ཁྱབ་ངང་ཞུགས་པའི་རི་སྲུང་རུ་ཁག་དང་ནགས་སྲུང་རུ་ཁག་བཙུགས་ནས་དུས་ངེས་མེད་ཐོག་རི་སྐོར་དང་ནགས་ཚལ་སྐོར་སྲུང་བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་ནགས་རིའི་གད་སྙིགས་ཏུན་3གཙང་སེལ་བྱས་པ་རེད། ད་ཆ་ཟས་ཕུ་གྲོང་ཚོའི་ལམ་ཆུང་དུ་སྐྱོད་སྐབས་གང་སར་གཙང་སྦྲ་དོད་ལ་གྲལ་འགྲིག་པའི་ཐོག་འབྲི་གཡག་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་ནགས་གསེབ་དང་ཞིང་ནང་དུ་བག་ཕེབས་ངང་འཚོ་བཞིན་ཡོད་པ་གང་སར་མཐོང་རྒྱུ་ཡོད་པས་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པ་རེད།

གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་གྲོང་མི་གྲོང་ཚོ་རིམ་པའི་ལས་དོན་དོ་དམ་ལ་ཞུགས་པའི་བརྩོན་སེམས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད། ཟས་ཕུ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་ལམ་ལུགས་ལག་བསྟར་དང་གོ་རིམ་ཚད་ལྡན་ཡོང་བར་སྔར་བས་དོ་སྣང་ཆེན་པོ་བྱེད་པ་དང་། དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། དམངས་གཙོའི་དོ་དམ་དང་དམངས་གཙོའི་དོན་གྲོས་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་བ། གྲོང་མིའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་ཡོད་ཀྱི་དོན་དག་གལ་ཆེན་ཡོད་ཚད་གྲོང་མིའི་འཐུས་མིའི་གྲོས་ཚོགས་ཀྱིས་གྲོས་བསྡུར་བྱས་ནས་ཐག་གཅོད་རྒྱུ་ལག་བསྟར་བཅས་བྱེད་ཀྱི་ཡོད། གྲོང་ཚོ་དང་ཚོགས་ཆུང་གིས་གྲོང་དོན་དང་ནོར་དོན་ལྟ་སྐུལ་ཚོགས་ཆུང་བཙུགས་ནས་དུས་ཚིགས་རེར་ལྟ་སྐུལ་ཐེངས་རེ་བྱེད་པ་དང་། གྲོང་ཚོ་དང་ཚོགས་ཆུང་གི་ལས་དོན་གསུམ་ཡོངས་བསྒྲགས་བྱེད་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ཟླ་རེར་ཏང་དོན་དང་། གྲོང་དོན། ནོར་དོན་བཅས་ཀྱི་གནས་ཚུལ་དུས་ཐོག་ཏུ་གསར་བརྗེས་བྱེད་པ། ཁྲིམས་སྐྱོང་སློབ་གསོ་དང་ཀུན་སྤྱོད་ལ་བརྟེན་ནས་བཅོས་སྐྱོང་བྱེད་པའི་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོར་དམ་འཛིན་ནན་པོ་བྱས་ཏེ། འཆད་ཁྲིད་དང་གསར་བརྗེའི་གློག་བརྙན་ལྟ་བ་སོགས་ཀྱི་རྣམ་པ་བརྒྱུད་གྲོང་མིར་བཅའ་ཁྲིམས་དང་ཀུན་སྤྱོད་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་འཕེལ་བར་བྱས་ཡོད། ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་ཉན་པའི་རྨང་གཞིའི་ཐོག་གྲོང་སྲོལ་དམངས་ཆིངས་དོན་ཚན་40ལྷག་ཙམ་བཟོས་ནས་མང་ཚོགས་ཀྱི་བྱ་སྤྱོད་འཐུས་ཚང་དུ་བཏང་བ་དང་། གྲོང་མིས་རང་རྟོགས་ངང་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན་བྱས་པ། ཤེས་དཔལ་ཀུན་སྤྱོད་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་2སྤྱད་དེ་ཀུན་སྤྱོད་དཔེ་བཟང་བ་དང་། འཆམ་མཐུན་ཁྱིམ་ཚང་། མི་རིཊ་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་བྱས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་1.5སྤྱད་དེ་སློབ་གྲྭ་ཆེན་མོ་བ་གསར་པ་དང་བོད་ལྗོངས་འཛིན་གྲྭའི་སློབ་མར་འཚམས་འདྲི་ཞུས་པ་བཅས་བྱས་པས་ཟས་ཕུ་གྲོང་ཚོའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་སྔར་བས་ཆེ་རུ་སོང་ཡོད་པ་རེད།

གཞི་རིམ་བཅོས་སྐྱོང་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། ཉེ་བའི་ལོ་གཉིས་རིང་། ཟས་ཕུ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་སྣེ་ཁྲིད་ཤུགས་ཆེན་འོག་ཟས་ཕུ་གྲོང་ཚོ་གཞི་རིམ་བཅོས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀ་མཉམ་དུ་དམ་འཛིན་བྱེད་པའི་ལམ་བུ་གསར་པར་བསྐྱོད་དེ་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-04 6 6 拉萨日报藏文 c190362.html 1 /enpproperty-->