分享按钮

རྔམ་བརྗིད་ལྡན་པའི་མདུན་སྐྱོད། འོད་སྟོང་འཕྲོ་བའི་མདུན་ལམ།

(པར་ངོས་དང་པོར་མཐུད)ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྔར་བྱུང་མྱོང་མེད་པའི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་མངོན་ཡོད། དཀའ་སྤྱད་ལས་སྒྲུབ་ཁྲོད་དུ་འབད་འབུངས་དང་། སྒྱུར་བཅོས་སྒོ་དབྱེའི་ཁྲོད་དུ་འབད་འབུངས། དུས་རབས་གསར་པའི་རླབས་རྒྱུན་ཆེན་པོའི་ཁྲོད་དུ་འབད་འབུངས་བྱས་མཐར། ང་ཚོས“ངོ་མཚར་ཆེན་པོ་གཉིས”བཏོད་པ་སྟེ། ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་། ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་པ་དང་། དུས་རབས་ཀྱི་རྗེས་སུ་ལུས་པ་ནས་དུས་རབས་ཀྱི་རྗེས་ཟིན་པ་དང་། དུས་རབས་ཀྱི་རྗེས་ཟིན་པ་ནས་དུས་རབས་ཀྱི་སྣེ་ཁྲིད་དུ་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཡོད། དཔལ་འབྱོར་གྱི་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་126ལས་བརྒལ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པར་བརྟན་པོར་གནས་པ་དང་། འབྲུ་རིགས་ཐོན་སྐྱེད་ཐད“ལོ་ཉི་ཤུ་བསྟུད་མར་ལོ་ལེགས”བྱུང་བ། ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་ཆགས་པ། “ཟླ་བའི་ལྷ་མོས”ཟླ་བའི་གོ་ལ་བཟུང་བ་དང་། “མཁའ་མཐུན”གྱིས་མཁའ་དབྱིངས་སུ་གནས་བཅས་པ། “མཁའ་དྲིས”ཀྱིས་སྐར་མ་མིག་དམར་དུ་འཚོལ་ཞིབ་བྱས་པ་སོགས་ལས་རང་རྒྱལ་གྱི་འཕེལ་རྒྱས་ལ་དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་ཐོབ་པ་དང་། དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་ཐུབ་པ། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་ལྡན་པ་སོགས་ཀྱི་གྲུབ་འབྲས་ཐོབ་ཡོད།

ལོ་ངོ་དོན་ལྔའི་རིང་དཀའ་སྤྱད་འབད་འཐབ་བྱས་པས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་རྒྱུན་ཆད་མེད་པར་དོན་དངོས་སུ་འགྱུར་བཞིན་ཡོད། ལྟོ་གོས་མི་འདང་བ་ནས་སྤྱི་ཡོངས་འབྱོར་འབྲིང་དང་། སྤྱི་ཡོངས་འབྱོར་འབྲིང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་བར་ང་ཚོས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་ཏེ། འབྱོང་འབྲིང་ཞེས་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་མངོན་འགྱུར་བྱུང་བ་དང་། འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བསྐྲུན་ནས། མི་དམངས་ཀྱི་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་བར་མ་ཟད། མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་78.6བར་རིང་དུ་ཕྱིན་པ་དང་། གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བ། རིགས་ཁག་གི་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་སོགས་ལས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་དེ་བས་ཆེ་རུ་ཕྱིན་པ་དང་། དེ་བས་འགན་ལེན་ཡོད་པར་གྱུར་པ། དེ་བས་རྒྱུན་མཐུད་ཐུབ་ཡོད།

ལོ་ངོ་དོན་ལྔའི་རིང་འབད་འབུངས་མདུན་སྐྱོད་བྱས་པས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་པར་གྱུར་ཡོད། “ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་ལོ་རྒྱུས་ཀྱི་དྲི་ལན”ནས“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་དུས་རབས་ཀྱི་དྲི་ལན”བར་ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུ་དེ་འཐབ་ཇུས་ཀྱི་སྣེ་འཁྲིད་དུ་འཛིན་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་ལག་ལེན་གྱི་སྟེགས་བུར་འཛིན་པ་སོགས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་དུས་རབས་མདུན་དུ་སྐྱོད་པར་སྣེ་འཁྲིད་པའི་དར་ཆ་འོད་ཟེར་སྟོང་ལྡན་ཞིག་ཏུ་གྱུར་ཡོད།

ལོ་75ཡི་རིང་། རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ནི། ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་པ་ལས་ཐོབ་པ་ཞིག་རེད། ད་ཆའི་ཀྲུང་གོ་འདི་ཉིད་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་པ་དང་གང་ས་གང་དུ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་ཡོད། ད་ཆའི་ཀྲུང་གོའི་མི་དམངས་ཀྱིས་སྔར་བས་རང་གིས་རང་ལ་ཡིད་ཆེས་དང་། རང་མགོ་རང་ཐོན། རང་སྟོབས་རང་སྤེལ་བཅས་བྱས་ཏེ། སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ལོ་རྒྱུས་ཀྱི་གསར་གཏོད་སྙིང་སྟོབས་སྐྱེད་བཞིན་ཡོད། ད་ཆའི་ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་ལ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་མངོན་པར་བྱས་ནས་འགོག་ཐབས་བྲལ་བའི་གོམ་སྟབས་ཀྱིས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་བཞིན་ཡོད།

ཁ་ཕྱོགས་ཀྱིས་མདུན་ལམ་གཏན་འཁེལ་བྱེད། འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད། ལག་ལེན་དངོས་ཀྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཤར་བགྲོད་ཐུབ་པ་དང་བརྟན་པོ་ཡོང་བ་ར་འཕྲོད་ཐུབ་ཅིང་། དེ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡང་དག་པའི་ལམ་བུ་འབའ་ཞིག་དང་། ཀྲུང་གོའི་མི་དམངས་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་འོད་སྟོང་ལྡན་པའི་ལམ་བུ་ཞིག་ཡིན་ལ། ཀྲུང་གོས་མིའི་རིགས་ཡར་ཐོན་དང་འཛམ་གླིང་སྤྱི་སྙོམས་དོན་གཉེར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན། “གཏན་འཁེལ་གཉིས”ནི་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྣེ་ཁྲིད་དེ་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་པའི་ཆབ་སྲིད་ཀྱི་འགན་ལེན་ཞིག་ཡིན་པས། ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།

ད་ལྟའི་ཆ་ནི་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་ཐག་ཉེ་ཞིང་། གདེང་ཚོད་དང་ནུས་པ་དེ་བས་ཆེ་བ་ལྡན་པའི་དུས་ཤིག་ཡིན་པས། ངེས་པར་དུ་དེ་བས་དཀའ་ངལ་ཁྱད་བསད་ཀྱིས་འབད་བརྩོན་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པས“གོམ་སྟབས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྤྱི་ཁོག་ནས་རྒྱང་ལྟ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ད་ལྟ་ནས་རྩིས་ན། ང་ཚོས་གཏན་འཁེལ་བྱས་པའི་གཞི་རྩའི་ཐོག་དེང་རབས་ཅན་མངོན་འགྱུར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ལོ་10ལྷག་གི་དུས་ཚོད་ལས་མེད་པ་དང་། ང་ཚོས་གཏན་འཁེལ་བྱས་པའི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ལོ་20ལྷག་གི་དུས་ཚོད་ལས་མེད། དུས་ཚོད་ཀྱིས་ང་ཚོ་སྒུག་མི་སྲིད། དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱེད་དགོས”ཞེས་བསྟན་ཡོད། ལམ་བུ་མི་འགྱུར་བ་དང་བློ་སྟོབས་མི་འགྱུར་བའི་ངེས་ཤུགས་ཆེན་པོ་རྒྱུན་འཁྱོངས་དང་། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཤུགས་ཆེར་གཏོང་བ། རྒྱུན་མཐུད་ལག་བསྟར་དང་སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ཚེ། མདུན་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་གོམ་པ་རེ་རེ་བཞིན་འཐབ་ཇུས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ངེས།

མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མཐུན་སྒྲིལ་བྱས་ན་རྒྱལ་ཁ་ཐོབ། “མིག་སྔར་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་རྒྱུན་ཆད་མེད་པར་རྒྱ་ཆེ་ལ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་བཞིན་ཡོད་ལ། རང་རྒྱལ་གྱི་སྒྱུར་འཕེལ་བརྟན་གསུམ་ལའང་སྔར་བྱུང་མྱོང་མེད་པའི་ལས་འགན་དཀའ་ཚེགས་ཆེན་པོ་ཞིག་འཕྲད་ཡོད་པས། སེམས་ནུས་གཅིག་སྒྲིལ་གྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན། ད་བར་རང་རེའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་རྒྱུགས་ལན་རེ་རེ་བཞིན་ཕུལ་ཡོད་ལ། འབྱུང་འགྱུར་ལའང་སྔར་བཞིན་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་ངེས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར། འབད་འཐབ་དམིགས་ཚད་ལ་དམིགས་པ་དང་། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་པ། མི་དམངས་དུང་ཕྱུར་མང་པོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་འཕེལ་བ་བཅས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བློས་འགེལ་ཤོས་དང་། བརྟན་ཤོས། རྒྱུན་རིང་ཤོས་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ལྡན་ངེས།

“ང་ཚོ་ཚང་མ་འབད་འཐབ་པ་ཡིན། སྔོན་ཆད་འབད་འཐབ་བྱས་པ་ནས་ད་ལྟའི་བར་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་ལྟ་བུ་ཐོབ་ཡོད། ང་ཚོའི་མ་འོངས་པའི་དམིགས་འབེན་ཧ་ཅང་གསལ་པོ་ཡིན་ལ། ཧ་ཅང་རླབས་ཆེན་ཡང་ཡིན་པས། དེ་མངོན་འགྱུར་བྱ་དགོས་ན། ད་དུང་ང་ཚོས་མུ་མཐུད་དམ་པ་དོན་གཉེར་གྱིས་འབད་འཐབ་བྱ་དགོས” ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་བསྒྲུབས་ནས་བྱུང་བ་དང་། རླབས་ཆེན་གྱི་བྱ་གཞག་ཚང་མ་དམ་པ་དོན་གཉེར་ལས་བྱུང་བ་ཞིག་རེད། སྔར་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་ན། སྔར་བྱུང་མ་མྱོང་བའི་ཞིབ་འཇུག་བྱ་གཞི་གསར་པ་མང་པོ་འཕྲད་ངེས་ཤིང་། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་འཕྲད་ངེས་པས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར། ང་ཚོས་སྒྱུར་བཅོས་སྒོ་དབྱེའི་ཐབས་མཆོག་གལ་ཆེན་དེ་ལེགས་པར་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་པ་དང་ལག་ལེན་མཁས་ཅན་ལེགས་པར་བྱེད་པ། “གདོང་མཆོང”གི་སྙིང་སྟོབས་དང“གསར་གཏོད”ཀྱི་ངར་ཤུགས། “ལས་སྒྲུབ”ཀྱི་སྤྱོད་ཚུལ་བཅས་ནམ་ཡང་རྒྱུན་འཁྱོངས་བྱེད་པ། འགག་སྒྲོལ་དཀའ་སེལ་ཁྲོད་གྲུབ་འབྲས་ཐོབ་པར་བྱེད་པ། སྒྲོལ་ཕོད་སྒྲུབ་ཕོད་ཁྲོད་ལམ་བུ་གཏོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འདི་ཉིད་དེ་བས་བརྗིད་ཉམས་ལྡན་པ་ཞིག་ཏུ་འགྱུར་ཆེད་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ད་ལྟ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པས། ང་ཚོས་སྔར་བས་མཐུན་སྒྲིལ་དང་སྔར་བས་འབད་བརྩོན་བྱས་ཏེ། སྔར་ལས་མཛེས་པའི་འོད་སྟོང་གསར་པ་ཞིག་གཏོད་དགོས”ཞེས་ནན་གསུངས་གནང་ཡོད་པས། ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་དང་འབད་འཐབ་ཀྱི་རྒྱང་ལམ་གསར་པར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ནམ་ཡང་ལྷོད་མེད་ཀྱི་བསམ་པའི་འཁྱེར་སོ་དང་ཞུམ་པ་མེད་པའི་འབད་འཐབ་ཀྱི་ཉམས་འགྱུར་ལ་བརྟེན་པ་བཅས་བྱེད་དགོས་པར་མ་ཟད། སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་དགོས།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་30ཉིན་འབྱོར་བའི་གློག་འཕྲིན)

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-02 6 6 拉萨日报藏文 c188969.html 1 རྔམ་བརྗིད་ལྡན་པའི་མདུན་སྐྱོད། འོད་སྟོང་འཕྲོ་བའི་མདུན་ལམ། /enpproperty-->