分享按钮

(པར་ངོས་དང་པོར་མཐུད)ལག་ལེན་གསར་གཏོད་ཀྱི་རྨང་གཞིའི་ཐོག་མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་ནས། ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། གཙོ་བོ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་མཐའ་འཁྱོངས། མི་དམངས་སྲིད་གྲོས་དེ་ཉིད་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་ལམ་ལུགས་གསར་པ་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་བ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་གོང་བུར་འགྲིལ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བྱ་རྒྱུ་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིཊ་ནས་འགན་སྒྲུབ་འགན་འཁུར་བྱ་རྒྱུ་མཐའ་འཁྱོངས། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས། ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་སྒྲུབ་ཀྱི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཡོད། དེ་དག་བཅུ་པོས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་གྲུབ་ཤིང་། དེ་ནི་ལོ་ངོ་75རིང་དང་ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཉམས་མྱོང་གི་གཅིག་སྡུད་མཚོན་ཚུལ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས། ངེས་པར་དུ་ཆ་ཚང་ལ་ཡང་དག་པ་དང་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་པར་མ་ཟད། ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོཊ་སུ་གཏོང་བ་དང་འཕེལ་རྒྱས་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། གྲོས་མོལ་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་དམིགས་བསལ་རྣམ་པ་དང་ཐུན་མོང་མ་ཡིན་པའི་བཟང་ཆ་ཞིག ཆབ་སྲིད་ཁྱབ་ཁོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་བཅས་ཡིན། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། གྲོས་མོལ་དམངས་གཙོའི་མ་ལག་གཅིག་གྱུར་འཆར་འགོད་ཀྱིས་འཐུས་ཚང་དུ་གཏོང་བ། གྲོས་མོལ་དམངས་གཙོའི་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་ཚང་དུ་གཏོང་བ། གྲོས་མོལ་བྱེད་སྟངས་དང་སྟེགས་བུ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། རྣམ་པ་དང་ཆ་རྐྱེན་ཡག་པོ་ཧུར་ཐག་གཏོད་པ་བཅས་བྱས་ནས། གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག མི་དམངས་སྲིད་གྲོས་ཀྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མི་སེམས་དང་ཐུན་མོང་ངོས་འཛིན། བློ་གྲོས། སྟོབས་ཤུགས་བཅས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་སྲོག་ཤིང་ལྟ་བུ་ཡིན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་སྲིད་གྲོས་ཀྱི་ལས་དོན་ལ་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་ཡིན། མི་དམངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དང་མི་དམངས་སྲིད་གྲོས་སྒྲིག་འཛུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ངོ་བོར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་། བསམ་བློའི་ཐད་མཉམ་དུ་ཡར་ཐོན། བྱ་སྤྱོད་ཐད་གོམ་སྟབས་གཅིག་གྱུར་བཅས་སྔར་ལས་ལྷག་པ་ཡོང་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། མི་དམངས་སྲིད་གྲོས་ཀྱིས་ཤེས་ལྡན་པ་མང་བ་དང་རིག་སྟོབས་གཅིག་སྡུད་ཀྱི་བཟང་ཆ་འདོན་སྤེལ་བྱས་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་།སྔར་ལས་ལྷག་པའི་ངང་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་སོགས་ཐད་ཀྱི་གཙོ་གནད་དང་དཀའ་གནད། གླེང་མང་བ་བཅས་ཀྱི་གནད་དོན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་བྱ་དགོས། གྲོས་མོལ་རྣམ་པའི་ལྟ་སྐུལ་གྱི་བཟང་ཆ་འདོན་སྤེལ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། མི་དམངས་སྲིད་གྲོས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཏང་ཕྱིའི་ཤེས་ཡོན་ཅན་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ། ཆོས་ལུགས་མི་སྣ་བཅས་ལ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཕྱིར་སྡོད་སྤུན་ཟླར་རྒྱ་ཁྱབ་ངང་མཐུན་སྒྲིལ་དང་འབྲེལ་གཏུག་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སེམས་མཐུན་སྒོར་དབྱིབས་ཆེ་ཤོས་ནུས་ཤུགས་ཡོད་རྒུས་ཡག་པོ་འབྲི་དགོས།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། མི་དམངས་སྲིད་གྲོས་ཀྱི་ལས་ཀའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། སྲིད་གྲོས་ཀྱི་གྲོས་མོལ་དང་གྲོས་མོལ་བྱེད་སྟངས་གཞན་དག་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གྲོས་མོལ་མཉམ་འགུལ་གཏིང་ཟབ་དང་བསམ་འཆར་གང་ལེགས་འདོན་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་འགྲིལ་བ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གསལ་ཞུ་བྱེད་པ་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་གནས་ཚུལ་རྟོགས་པ་དང་མི་དམངས་ཀྱི་དཀའ་ངལ་སེལ་བ། མི་དམངས་ཀྱི་སེམས་ལ་དྲོ་སྐྱིད་སྟེར་བ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབ་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན། ཀུན་སྤྱོད་ལ་མཐོང་ཆེན་བཅས་བྱེད་པའི་སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་འགན་འཁྲི་སྒྲུབ་པའི་འགན་ལེན་གལ་ཆེན་ཞིག་ཡིན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་ཐོབ་ཐང་ལ་བརྩི་མཐོང་དང་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སྦྱོང་བརྡར། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། ལས་འགན་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སེམས་ནུས་གཅིག་སྒྲིལ་དང་། ཇུས་འགོད་བློ་འདྲི། གྲོས་མོལ་དམངས་གཙོ། རྒྱལ་ཁབ་བཅོས་སྐྱོང་གི་འཐབ་ས་དང་པོ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་ནང་རང་རྟོགས་ངང་ཞུགས་དགོས།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གུང་རིམ་ཁག་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱ་དགོས། སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ཁ་ཕྱོགས་ཡང་དག་འཛིན་པ་དང་། ཁྱོན་ཡོངས་ལ་དོ་དམ། དོན་འཁྱོལ་ལ་འགན་ལེན་བཅས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་ལེགས་པོ་བྱ་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་འཛུགས་མ་ལག་དང་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱ་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྱོང་ཁག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས།

ཝང་ཧུའུ་ཉིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ལེགས་སྐྱེས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་བཟང་ཆ་རྒྱས་བཤད་གཏིང་ཟབ་གནང་ཞིང་། གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུར་བླང་བྱ་གསལ་པོ་བཏོན་གནང་ཡོད་ལ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་ཀྱང་གནང་སྟེ། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གསུང་བཤད་ནི་དུས་བབ་ཕྱག་གཟིགས་དང་དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་མཐར་ཕྱིན་ལེན་པ་དང་། དོན་འཁྱོལ་ཏན་ཏིག་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས་ཞེས་བསྟན་ཡོད།

པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁག་གཅིག རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དེ་སྔ་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་ལས་གནས་འཁུར་མྱོང་བའི་བློ་མཐུན་རྒན་གྲས་བཅས་ཚོགས་ཆེན་ལ་ཞུགས་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ་དང་ཚན་པ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་སོགས་མི་གྲངས་800ཙམ་ཚོགས་ཆེན་ལ་ཞུགས་ཡོད།

(པདྨ་རྒྱལ་དང་། བྱམས་པ་ཚེ་རིང་། ཨོ་རྒྱན་ཚེ་རིང་བཅས་ཀྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-22 6 6 拉萨日报藏文 c188440.html 1 /enpproperty-->