分享按钮

(པར་ངོས་དང་པོར་མཐུད)ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚང་མར་ཕན་པ་ཐོབ་རྒྱུ་དང་།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དེ་ཚད་གཞི་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་གོང་འཕེལ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དེང་རབས་ཅན་དུ་འགྱུར་བར་སྣེ་ཁྲིད་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་ཟབ་མོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(པུའུ)དང་མཉམ་དུ་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། དབུ་ཚོགས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི“གསེར་གྱི་མིང་བྱང”དེ་ཇི་ཙམ་ཕྱིས་ན་དེ་ཙམ་གྱིས་ཇེ་གསལ་དུ་འགྲོ་བར་འགན་ལེན་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་བརྒྱུད་སྤྲོད་བཅས་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་གོ་དང་ཁོང་ཀོ(པུའུ)ཡི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ཀྲུང་གོ་དང་ཁོང་ཀོ(པུའུ)ཡི་མཛའ་གྲོགས་སྲ་ཞིང་བརྟན་པ་དེའི་འབྱུང་རྩ་ནི་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་དང་། ཐུན་མོང་གི་འདུ་ཤེས་དོན་དུ་གཉེར་བ། བློ་བརྟན་འགྱུར་མེད་ཀྱི་ཕན་ཚུན་རྒྱབ་སྐྱོར་བྱེད་པ་བཅས་ལ་ཐུག་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སླེབས་ནས་ཀྲུང་གོ་དང་ཁོང་ཀོ(པུའུ)ཡི་མཛའ་གྲོགས་མཉམ་ལས་ཀྱིས་ཀྱང་དེ་བས་འོད་སྟོང་འཕྲོ་བའི་ལོ་60རྗེས་མ་དེ་བསུ་རྒྱུ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཁོང་ཀོ(པུའུ)ཡི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་བཏང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ཐད་དཔེ་མཚོན་གཏོད་དགོས།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གོ་དང་ཁོང་ཀོ(པུའུ)རྒྱལ་ཁབ་གཉིས་ཀྱིས“གནས་བབ་བཞི”ཡག་པོ་བཟུང་དགོས་པ་སྟེ། ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་དར་ཆ་སྒྲེང་མཁན་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གདོང་ལེན་པ། དམངས་སེམས་གཅིག་མཐུན་གྱི་མིག་དཔེ། མཐུན་སྒྲིལ་རོགས་ལས་ཀྱི་མིག་དཔེ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།ཞི་ཅིན་ཕིང་གིས་ཀྲུང་གོས་ཁོང་ཀོ(པུའུ)ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཚང་མའི་ཐད་བློ་བརྟན་འགྱུར་མེད་དང་རྒྱབ་སྐྱོར་གནང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ། ཁོང་ཀོ(པུའུ)ཕྱོགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་དང་རིམ་པ་ཁག་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་ཐོག དེང་རབས་ཅན་གྱི་གོང་འཕེལ་ལམ་བུ་ཐུན་མོང་ཐོག་འཚོལ་ཞིབ་ཀྱང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(པུའུ)ཡིས་སྣ་མང་ཅན་གྱི་དཔལ་འབྱོར་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཀྲུང་གོའི་ཁེ་ལས་ཁོང་ཀོ(པུའུ)ཡི་རྨང་གཞིའི་སྒྲིག་ཆས་གལ་ཆེན་དང་ས་ཁོངས་སྦྲེལ་མཐུད་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ། ཞིང་ལས་དང་། གྲངས་འཛིན་དཔལ་འབྱོར། སྦགས་མེད་གོང་འཕེལ་སོགས་ཀྱི་མཉམ་ལས་སྤེལ་རྒྱུ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་རྒྱུ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རང་འགུལ་ངང་ཀྲུང་གོ་དང་ཁོང་ཀོ(པུའུ)ཡི་མཛའ་གྲོགས་བྱ་གཞག་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(པུའུ)ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་གཏོང་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གོང་འཕེལ་དང་དར་རྒྱས་ཆེད་དེ་བས་ཕན་ཡོད་ཀྱི་རྒྱལ་སྤྱིའི་ཁོར་ཡུག་གཏོད་འདོད་ཡོད།

ས་སུའུ་ཡིས་གསུངས་དོན། ལོ་60ཡི་གོང་། ང་རང་ཁོང་ཀོ(པུའུ)ཡི་གཞོན་ནུ་ཁག་དང་པོའི་ངོས་ནས་ཀྲུང་གོར་འཚམས་འདྲི་ཞུ་མྱོང་། ལོ་དེ་དག་རིང་ཀྲུང་གོར་འཚམས་འདྲིར་ཐེངས་མང་ཡོང་བ་ཡིན། ཀྲུང་གོར་མི་རྣམས་ཀྱིས་བསྔགས་བརྗོད་ཞུ་འོས་པའི་དཔལ་འབྱོར་དང་ཚན་རྩལ་རྒྱུན་ཆད་མེད་པར་གོང་འཕེལ་ཕྱིན་པ་བདེན་དཔང་བྱ་རྒྱུ་བྱུང་། ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གྱུར་ཟིན་པས། ཀྲུང་གོའི་མི་དམངས་སྤོབས་པ་ཆེན་པོ་སྐྱེ་བཞིན་ཡོད་ལ། ཁོང་ཀོ(པུའུ)ཡི་མི་དམངས་ནས་སེམས་གཏིང་ནས་ཡིད་སྨོན་དང་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཀྱང་ཞུ་ཡི་ཡོད། ཁོང་ཀོ(པུའུ)དང་ཀྲུང་གོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་60སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོའི་ཁེ་ལས་མང་པོ་ཞིག་ཁོང་ཀོ་པུའི་ཉ་ལས་དང་། གཏེར་ལས། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཐོག ཁོང་ཀོ(པུའུ)ཡི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་ཡོད། ཁོང་ཀོ(པུའུ)ཡིས་ཀྲུང་གོ་ཕྱོགས་དང་མཛའ་གྲོགས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། ཁོང་ཀོ(པུའུ)ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བཞིན་པ་དང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ས་ཆ་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། ལངས་ཕྱོགས་དེར་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(པུའུ)ཡིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་གཙོ་གཉེར་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”ལ་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཐུན་སྒྲིལ་མཉམ་ལས་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱ་རྒྱུའི་ཁྱབ་བསྒྲགས་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་གོང་འཕེལ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁོང་ཀོ(པུའུ)ཡིས་ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དམ་ཟབ་བྱས་བྱེད་པ། ད་ཐེངས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ཏེ་ཆུ་ཚད་མཐོ་བའི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

མཇལ་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་། དཔལ་འབྱོར་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་གོང་འཕེལ་གཏོང་བ། སྦགས་མེད་ཐཱན་ཉུང་གོང་འཕེལ། སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན། མ་འཇོག་དང་དཔལ་འབྱོར་མཉམ་ལས། རྒྱལ་མཚམས་ལས་སྒྲོལ་བའི་སྲོག་ཆགས་དང་རྩི་ཤིང་གི་རིམས་བཤེར། ཤིང་ཏོག་ཧྥུ་ལིང་ཀྲུང་གོར་འདྲེན་པ། གྲངས་འཛིན་དཔལ་འབྱོར། མི་ཤུགས་ཐོན་ཁུངས། གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།

ཕྱོགས་གཉིས་པོས《ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དང་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཁོང་ཀོ(པུའུ)ཡི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ཡོད།

མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ས་སུའུ་དང་སྐུ་ཟླ་ཨན་ཐུའོ་ཝ་ནེ་ཐེར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།

ཝང་དབྱི་གོང་གསལ་གྱི་བྱེད་སྒོའི་ནང་ཞུགས་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-08 6 6 拉萨日报藏文 c187484.html 1 /enpproperty-->