分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས་སློབ་ཆེན་ཐོན་པའི་སློབ་མའི་ ཆེད་དོན་གདན་ཞུའི་འདུ་ཚོགས་འཚོགས་པ།

པར་འདི་ནི་སློབ་ཆེན་ཐོན་པའི་སློབ་མས་ཡུལ་དངོས་སུ་གདན་ཞུའི་ཁེ་ལས་ཀྱི་ཆ་འཕྲིན་ལ་ཤེས་རྟོགས་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་21ཉིན། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་དང་སྨན་བཅོས་འགན་ལེན་ཅུས་ཀྱིས་གཉེར་འགན་འཁུར་བའི་2024ལོའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཉིན་བརྒྱའི་གདན་ཞུའི་ཆེད་དོན་བྱ་སྤྱོད་དང་སློབ་ཆེན་ཐོན་པའི་སློབ་མའི་ཆེད་དོན་གདན་ཞུའི་འདུ་ཚོགས་སྟོད་ལུང་བདེ་ཆེན་ཆུས་མི་རིགས་མཐུན་སྒྲིལ་སྤྱི་གླིང་དུ་འཚོགས་པ་རེད།

གདན་ཞུའི་ཁུལ་དུ་མངོན་གསལ་དོད་པའི་གདན་ཞུའི་ཆ་འཕྲིན་འགྲེམས་པང་དང་ཁེ་ལས་ཀྱི་ཆ་འཕྲིན་དྲིལ་བསྒྲགས་ཀྱི་ཤོག་བུས་ཁེངས་ཡོད་ཅིང་།ཁེ་ལས་ཁག་གི་གདན་ཞུའི་འགན་འཁུར་བས་རང་འགུལ་ངང་ལས་ཀ་འཚོལ་མཁན་དང་འབྲེལ་གཏུག་དང་སྤེལ་རེས་བྱས་པས་ཡུལ་དངོས་སུ་ལས་ཀ་འཚོལ་མཁན་གྱིས་ཁེངས་ཡོད། ཁོང་ཚོས་ཁེ་ལས་ཀྱི་གདན་ཞུའི་ཆ་འཕྲིན་ལ་བལྟས་ནས་ལས་ཀའི་ཐོབ་ཐང་དང་། ལས་མི་སྤྱོད་པའི་དུས་ཚོད། ངལ་གསོ་རྒྱག་པའི་དུས་ཚོད་སོགས་འབྲེལ་ཡོད་གནས་ཚུལ་ཐད་བློ་འདྲི་བྱེད་བཞིན་ཡོད་ལ། སྲིད་ཇུས་བློ་འདྲིའི་ཞབས་ཞུའི་སྟེགས་བུའི་ལས་དོན་པས་གནས་སྐབས་རང་གི་འདོད་བློ་དང་འཚམ་པའི་ལས་གནས་མ་རྙེད་པའི་སློབ་ཆེན་ཐོན་པའི་སློབ་མར་ལས་ཞུགས་ལྟ་སྦྱོང་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། ལས་ཞུགས་ལྟ་སྦྱོང་བ་ཐོ་འགོད་བྱས་ཏེ་འོས་འཚམ་གྱི་ལས་ཞུགས་ལས་གནས་འོས་སྦྱོར་བྱེད་རོགས་བྱས་ནས་ཐག་ཉེ་སར་ལས་ཞུགས་ཐུབ་པར་བྱས་པ་རེད།

ལས་ཀ་འཚོལ་མཁན་སྐལ་བཟང་མཚོ་མོས་ང་ཅང་སུའུ་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་གྲྭ་ཐོན་པ་ཡིན། སྦྱངས་པའི་ཆེད་ལས་ནི་མཐོང་ཚོར་བརྒྱུད་བསྒྲགས་ཇུས་འགོད་ཡིན་པས་དེ་རིང་གདན་ཞུའི་ཚོགས་འདུ་དེ་འདྲ་འཚོགས་པས་ང་ཚོར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་པར་དགའ་པོ་བྱུང་ལ། བློ་ཡིད་ཚིམ་པའི་ལས་གནས་ཤིག་རག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

དེ་དང་ཆབས་ཅིག་སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་ཀྱི་གདན་ཞུའི་ལས་དོན་པས་ད་དུང་ཐད་གཏོང་གི་རྣམ་པའི་ཐོག་ནས་ཁེ་ལས་ཀྱི་གནས་ཚུལ་དང་། ལས་ཀའི་ཁོར་ཡུག གླ་ཕོགས་ཀྱི་སྐོར་སོགས་འགྲེལ་བཤད་བརྒྱབ་ནས་ལས་ཀ་འཚོལ་མཁན་དང་དྲ་ཐོག་མཉམ་འགུལ་སྤེལ་རེས་བྱས་ནས་ཐད་གཏོང་ཁང་གི་རྒྱ་ཆེའི་ལས་ཀ་འཚོལ་མཁན་ལ་དེ་བས་ཁ་གསལ་དང་སྣ་མང་ཅན་གྱི་ལས་གནས་གདམ་ག་བྱེད་པའི་སྟེགས་བུ་ཤིག་མཁོ་འདོན་བྱས་ཡོད། ཐེངས་འདིའི་གདན་ཞུའི་ལས་གནས་ཀྱི་ཁྱབ་ཁོངས་ནང་ལག་རྩལ་ལས་གནས་དང་། དོ་དམ་ལས་གནས། དེ་བཞིན་འཐབ་ས་མདུན་མའི་ཐོན་སྐྱེད་ལས་གནས་སོགས་ཚུད་ཡོད་པ་རེད།

སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་ཀྱི་ཅུས་ཀྲང་བསྟན་པ་ཡར་རྒྱས་ཀྱིས་ཐེངས་འདིའི་གདན་ཞུའི་འདུ་ཚོགས་ཐོག ང་ཚོས་མི་སྤྱོད་ཚན་པ་40ལྷག་ཙམ་གདན་ཞུ་བྱས་པ་དང་། ལས་ཞུཊ་ལས་གནས་1300ལྷག་ཙམ་མཁོ་འདོན་བྱས་པ་དང་ཆབས་ཅིག་ཡུལ་དངོས་སུ་གདན་ཞུ་དང་ཐད་གཏོང་གི་རྣམ་པ་གཉིས་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་སློབ་ཆེན་ཐོན་པའི་སློབ་མར་ལས་ཞུགས་ལས་གནས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་ཡིན་ཞེས་བཤད།

ཤེས་རྟོཊ་བྱུང་བར་གཞིགས་ན། ཡུལ་དངོས་སུ་སློབ་ཆེན་ཐོན་པའི་སློབ་མ་དང་དེ་བཞིན་ལས་ཀ་འཚོལ་མཁན་གཞན་དག་ཁྱོན་མི་500ལྷག་ཙམ་གྱི་ཡིད་དབང་བཀུག་པ་དང་། ཐད་གཏོང་ཁང་ནང་ལྟ་མཁན་མི་ཐེངས་ཁྲི་4ལྷག་ཙམ་ཟིན་ཡོད་པ་རེད།

ཡུལ་དངོས་སུ་ངོ་རྒྱུགས་དང་སྤེལ་རེས་བྱས་པ་བརྒྱུད། ཁྱོན་མི་400ལྷག་ཙམ་གྱིས་ངོ་སྤྲོད་མདོར་བསྡུས་ཕུལ་བ་དང་།ལས་ཀ་འཚོལ་མཁན་128ཀྱི་ལས་ཞུགས་རེ་འདུན་མངོན་འགྱུར་བྱུང་ཡོད་པ་རེད།

ཐེངས་འདིའི་གདན་ཞུའི་འདུ་ཚོགས་ཐོག ལས་མི་སྤྱོད་མཁན་ཁེ་ལས་ཚན་པར་མི་སྣ་གསར་པ་ངོ་སྤྲོད་བྱས་པ་དང་སྦྲགས། སྲིད་གཞུང་གི་ལས་ཞུགས་སྟེགས་བུ་དུས་ཐོག་ཏུ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་འགྲམ་དུ་དྲིལ་བསྒྲགས་བྱས་པ་ཞིག་རེད། ཕྱིས་འབྱུང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ལས་ཞུགས་ལས་གཏོད་ལས་དོན་གྱི་དོན་དངོས་ལ་དམིགས་ནས་ལས་ཞུགས་ཀྱི་གཙོ་གནད་ཁག་དུས་ཐོག་ཏུ་ཚོགས་སྤྱིར་ཁྱབ་བསྒྲགས་བྱ་རྒྱུ་དང་། སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་ཏེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལས་ཞུགས་ལས་གཏོད་ཞབས་ཞུའི་རྣམ་པ་རྒྱ་ཆེ་རུ་གཏོང་བ་དང་། གཏིང་ཟབ་ཏུ་གཏོང་བ། ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་མུ་མཐུད་རོགས་རམ་བྱ་རྒྱུ་ཡིན་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-24 6 6 拉萨日报藏文 c186650.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱིས་སློབ་ཆེན་ཐོན་པའི་སློབ་མའི་ ཆེད་དོན་གདན་ཞུའི་འདུ་ཚོགས་འཚོགས་པ། /enpproperty-->