分享按钮

ལྷ་སའི་བོད་ཀྱི་དམིགས་བསལ་ཐོན་རྫས་དམངས་ཕན་མཛོད་ཁང་ཐོག་མ་དེ་བེད་སྤྱོད་གཏོང་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་20ཉིན།ལྷ་སའི་ས་གཙང་ཚོགས་པ་དང་བོད་ལྗོངས་ཐེན་ན་ཞིང་འབྲོག་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་བསྐྲུན་པའི་ལྷ་སའི་རྒྱལ་གཉེར་བོད་ཀྱི་དམིགས་བསལ་ཐོན་རྫས་དམངས་ཕན་མཛོད་ཁང་ཐོག་མ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།

དམངས་ཕན་མཛོད་ཁང་དེའི་ས་ཁྱོན་ལ་སྨི་གྲུ་1400ལྷག་ཙམ་ཡོད་པ་དང་། མཛོད་ཁང་དུ་འཛུལ་སྐབས་ནོར་གནག་གི་ཤ་སྐམ་རིགས་དང་། ཁ་ཆེ་ཤ་སྐམ། བོད་ཀྱི་རྒུན་ཆང་། ནས་ཀྱི་བཟའ་བཅའ་སོགས་ཡོད་པས་འཛད་སྤྱོད་པའི་གཅིག་འཐུས་རྣམ་པའི་ཉོ་སྒྲུབ་ཀྱི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་ཡོད་པ་རེད། དམིགས་བསལ་ཐོན་རྫས་ཚང་མའི་རིན་གོང་གསལ་པོ་བཀོད་པར་མ་ཟད། རིན་གོང་ཚང་མ་ཧ་ཅང་འཚམ་པོ་ཡོད་པས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་འདེམས་ཉོ་བྱེད་པར་ཡོང་གི་ཡོད་པ་རེད།

གྲོང་མི་ཐུབ་བསྟན་དབང་ཕྱུག་གིས་ངའི་བསམ་པར་ཚོང་ཁང་ནང་ཐོན་རྫས་སྣ་ཁ་ཧ་ཅང་མང་པོ་ཡོད་པ་སྟེ། ཁྲོམ་རའི་ཐོག་རྒྱུན་དུ་མཐོང་བའི་ཀོ་ཤ་དང་། དབྱར་རྩྭ་དགུན་འབུ། ནོར་གནག་གི་ཤ་སོགས་ཡོད་པར་མ་ཟད།ཉིང་ཁྲི་ཡི་ཇ་དང་། བེ་ཤ། ད་དུང་དབྱི་རན་གྱི་ཁ་ཆེ་ཤ་སྐམ་བཅས་ཀྱང་དེ་གར་མཐོང་རྒྱུ་ཡོད། རིན་གོང་ཁྲོམ་རའི་ཐོག་དང་བསྡུར་ན་ཧ་ཅང་གོང་ཁེ་པོ་འདུག་ཅེས་བཤད།

ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་དང་རིན་གོང་དམའ་རུ་གཏོང་ཆེད། མིག་སྔར་མཛོད་ཉར་སྒོ་རྩིས་ཚོང་ཁང་དེས་བོད་ཀྱི་ས་གནས་དེ་གའི་ཞིང་ཞོར་ཐོན་རྫས་ཀྱི་ཁེ་ལས་དང་མཉམ་ལས་བྱས་ཏེ་བོད་ཀྱི་ཐོབ་ཐང་ལྡན་པའི་ཞིང་ཞོར་ཐོན་རྫས་ཁེ་ལས་རྣམས་རིན་མི་དགོས་པར་དམངས་ཕན་མཛོད་ཁང་དུ་འཇོག་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་བོད་ཀྱི་ཁེ་ལས་ཀྱིས་དྲ་ཐོག་གློག་རྡུལ་ཚོང་ལས་སྟེགས་བུ་དང་དེ་བཞིན་དྲ་ཕྱིའི་སྟེགས་བུ་བསྐྲུན་རྒྱུར་རོགས་རམ་བྱས་ཏེ་བོད་ཀྱི་སྤུས་ལེགས་ཡུལ་ཟོག་ཐོན་རྫས་དེ་བས་གཟིགས་སྐྱོང་གི་རིན་གོང་ཐོག་ནས་འཛད་སྤྱོད་པར་མཁོ་འདོན་བྱ་རྒྱུ་དང་། བོད་ཀྱི་ཡུལ་ཟོག་ཐོན་རྫས་ཁྱབ་གདལ་གཏོང་རྒྱུར་རོགས་རམ་བྱེད་ཀྱི་ཡོད་པ་རེད།མཛོད་ཉར་ཚོང་ཁང་གིས་ད་དུང་དམག་མི་དང་། སྨན་པ།དགེ་རྒན། དེ་བཞིན་བོད་སྐྱོར་དང་བོད་དུ་ལས་ཀ་བྱེད་བཞིན་པའི་ལས་དོན་པ་བཅས་ལ་དམིགས་བསལ་གྱི་གཟིགས་སྐྱོང་ཡོད་པས་གོང་གསལ་མི་སྣས་ལས་ཀའི་ལག་ཁྱེར་ལ་བརྟེན་ནས་ཚོང་ཁང་དུ་འཛད་སྤྱོད་བྱས་ཚེ། ཚོགས་མིའི་རིན་གོང་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-23 6 6 拉萨日报藏文 c186640.html 1 ལྷ་སའི་བོད་ཀྱི་དམིགས་བསལ་ཐོན་རྫས་དམངས་ཕན་མཛོད་ཁང་ཐོག་མ་དེ་བེད་སྤྱོད་གཏོང་འགོ་ཚུགས་པ། /enpproperty-->