ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མར་དང་རྩམ་པ་ནི་བོད་རིགས་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བཟའ་བཅའ་ཞིག་ཡིན། བཟའ་བཅའི་དེའི་དམིགས་བསལ་རང་བཞིན་གྱི་དབང་གིས་ཉར་ཚགས་བྱ་རྒྱུ་དེ་སྔར་བས་གལ་འགངས་ཆེ་བ་ཞིག་རེད། ཉེ་ཆར། བོད་ལྗོངས་ཕྱེ་མར་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིས་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་འཁྱགས་སྒམ་ཐོག་མ་དེ་ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་བྱས་ཏེ། མང་ཚོགས་ཀྱིས་རྩམ་པ་དང་མར་གསོག་ཉར་བྱེད་པའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་ཀྱི་ཡོད་པ་རེད།
བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་འཁྱགས་སྒམ་དེའི་རིང་ཚད་ལ་ཧའོ་སྨི་630དང་། ཞེང་ཚད་ལ་ཧའོ་སྨི་380 མཐོ་ཚད་ལ་ཧའོ་སྨི་375བཅས་ཡོད། ཁང་བྱིའུ་ཆུང་ཡང་ནང་ཁྲོལ་ཚང་ཡོད་ཅེས་པ་ལྟར། འཁྱགས་སྒམ་གྱི་ནང་ངོས་སུ་ཁུལ་བཞི་བཙུགས་ཡོད་པ་དང་། དེ་དག་གིས་མར་དང་། རྩམ་པ། ཕྱུར་བ། ཤ་ཡི་རིགས་བཅས་འཁྱག་གཏོང་དང་གྲང་ཉར་ཐུབ་པར་མ་ཟད། བཟའ་བཅའི་བྲོ་བ་ཡང་མི་ཤོར་བར་བྱེད་ཐུབ།
ཐོན་རྫས་དེ་ཇི་ལྟར་བྱུང་མིན་སྐོར་གླེང་སྐབས། ཀུང་སི་དེའི་གཉེར་སྐྱོང་སྤྱི་ཁྱབ་ལྟ་ཞིབ་པ་ཡོན་ལི་ཞས་ཀུང་སིའི་འགན་འཁུར་བ་ལྷ་མོས་ཁྱིམ་མི་ལྷན་འཛོམས་ཀྱི་འདུ་ཚོགས་ཤིག་གི་སྟེང་ནས་བསམ་བློ་འཁོར་བ་ཞིག་ཡིན་པ་ངོ་སྤྲོད་བྱས།ཁོང་གིས་སྐབས་དེ་དུས་ཁྲེང་ཏུའུ་ཡི་གནམ་གཤིས་ཧ་ཅང་ཚ་བ་ཆེ་བས། སྦྱིན་བདག་ཁོང་གིས་ཁྱེར་བའི་རྩམ་པ་དང་མར་ལ་བྲོ་བ་མི་འདྲ་བ་ཞིག་བྱུང་བས། སྦྱིན་བདག་ཁོང་གིས་མར་འཁྱགས་སྒམ་ནང་བཞག་ཚེ་མར་དྲི་བཟའ་བཅའ་གཞན་དག་སྟེང་འགོས་སླ་པོ་འདུག་ཅེས་བཤད། སྐབས་དེར་ལྷ་མོར་ཆེད་མངགས་མར་དང་རྩམ་པ་ཉར་ཚགས་བྱེད་པར་སྤྱོད་པའི་འཁྱགས་སྒམ་ཞིག་ཇུས་འགོད་བྱ་རྒྱུ་བསམ་བློ་འཁོར་བ་དང་། དེ་ལྟར་བྱས་ཚེ་དུས་དང་རྣམ་པ་ཀུན་ཏུ་བདེ་ཐང་གི་བཟའ་བཅའ་ཟ་རྒྱུ་ཡོང་ངེས་རེད་ཅེས་བཤད།
ལོ་གཅིག་ཙམ་ཇུས་འགོད་བྱས་པ་བརྒྱུད། ཟླ་8ཚེས་16ཉིན། གཉིས་གཏོད་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཀུང་སི་དེས་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་འཁྱགས་སྒམ་ཐོག་མ་དེ་ཕྱིར་ཚོང་བྱེད་འགོ་ཚུགས་པ་རེད། བོད་ལུགས་འཁྱགས་སྒམ་ལ་ཁང་པའི་ནང་འཇོག་པའི་འཁྱགས་སྒམ་དང་། རླངས་འཁོར་ནང་འཇོག་པའི་འཁྱགས་སྒམ་ཞེས་རིགས་གཉིས་ཡོད། མིག་སྔར་ཁང་པའི་ནང་འཇོག་པའི་འཁྱགས་སྒམ་གྱི་རིན་གོང་ལ་སྒོར་2160ཡིན་པ་དང་། རླངས་འཁོར་ནང་འཇོག་པའི་འཁྱགས་སྒམ་གྱི་རིན་གོང་ལ་སྒོར་2360ཡིན་པ་རེད།
གྲོང་མི་རིག་འཛིན་སྒྲོལ་དཀར་གྱིས་ངའི་བསམ་པར་འཁྱགས་སྒམ་དེའི་ནང་ངོས་ཀྱི་བྱེད་ནུས་གསར་པ་ཡིན་པར་མ་ཟད། ཕྱིའི་རྣམ་པ་ཡང་ཡག་པོ་འདུག་པས་ང་ཚོར་ཧ་ཅང་འཚམ་པོ་འདུག རྩམ་པ་ནི་དྲི་མ་ཡལ་བདེ་པོ་ཡིན་པས། གལ་ཏེ་ཆེད་སྤྱོད་ཀྱི་འཁྱགས་སྒམ་ནང་བཞག་ཚེ་ཉར་ཚགས་ཡག་པོ་བྱེད་ཐུབ་པར་མ་ཟད། ལེན་དུས་ཀྱང་སྟབས་བདེ་ཞིང་གཟུགས་གཞིའི་བདེ་ཐང་ལའང་ཕན་ཐོགས་ཡོད་པས།ང་རང་འཁྱགས་སྒམ་དེར་ཧ་ཅང་དགའ་པོ་ཡོད་ཅེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社