ལོ་བཅུའི་གོང་། གཡུ་འབྲུག་ཆེན་པོ་ཞིག་དང་འདྲ་བའི་མེ་འཁོར་ཞིག་ལྷ་ས་དང་གཞིས་ཀ་རྩེ་བར་འགྲོ་འོང་གིས་འགྲུལ་པ་མང་པོ་ཞིག་རླངས་འཁོར་ལ་སྡོད་པའི་ལོ་རྒྱུས་ལ་རྗོགས་ཤད་བཀོད་ཡོད། དེས་མ་ཟད་ད་ཆར་ལྷ་གཞིས་ལྕགས་ལམ་དེ“ལྗང་མདོག་གི་མེ་འཁོར”ནས“བསྐྱར་དར་རྟགས་ཅན”བར་འགྱུར་ལྡོག་བྱུང་ཡོད། ལོ་བཅུའི་རིང་། ས་གནས་གཉིས་བར་སྐྱོད་པར་རླངས་འཁོར་ལ་བསྡད་ན་ཆུ་ཚོད་6ལྷག་ཙམ་འགོར་བའི་དུས་ཚོད་དེ་མེ་འཁོར་ལ་བསྡད་ན་ཆུ་ཚོད་2.5ཡང་ཟིན་གྱི་མེད་པའི་བར་ཐུང་དུ་ཕྱིན་ནས་མེ་འཁོར་ལ་སྡོད་རྒྱུ་དེ་ས་གནས་གཉིས་ཀྱི་འགྲུལ་པའི་གདམ་ག་ཡག་ཤོས་སུ་གྱུར། ཟླ་8ཚེས་16ཉིན་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཅུ་འཁོར་བའི་དུས་བཟང་ཡིན་པས། གསར་འགོད་པས་སྤྱིར་བཏང་མ་ཡིན་པའི་དུས་བཟང་འདི་དང་བསྟུན་ནས་འགྲུལ་བཞུད་ཀྱི་བཅར་འདྲི་དམིགས་བསལ་བ་ཞིག་བྱས་ཡོད།
ཞོགས་པའི་ཆུ་ཚོད་8དང་སྐར་མ་10ལ་ལྷ་ས་ནས་གཞིས་ཀ་རྩེ་རུ་སྐྱོད་པའི་མེ་འཁོར་C885ལྷ་སའི་ས་ཚིགས་ནས་དལ་གྱིས་ཐོན། ལོ་བཅུའི་གོང་ལ་ཕྱིར་དྲན་ཞིག་བྱས་ན། དུང་བརྡ་ཞིག་གྲགས་པ་དང་བསྟུན་ནས་ལྕགས་ལམ་གསར་རྐྱང་སྟེ་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ལྷ་གཞིས་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ། དུས་དེ་ནས་བཟུང་། བོད་ལྗོངས་ལྷོ་ནུབ་ས་ཁུལ་གྱིས་གཞུང་ལམ་སྐྱེལ་འདྲེན་ཁོ་ནར་བརྟེན་པའི་ལོ་རྒྱུས་ཡོངས་སུ་མཇུག་འགྲིལ་ཞིང་། “ལྕགས་ལམ་དཔལ་འབྱོར”གྱི་དུས་རབས་སུ་དངོས་སུ་བསྐྱོད། ལོ་བཅུའི་རིང་། ལྷ་གཞིས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་1429དང་དངོས་ཟོག་ཏུན་ཁྲི་524དབོར་འདྲེན་བྱས་པས།ལྷ་ས་དང་གཞིས་ཀ་རྩེ་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་ལམ་ཐིག་གལ་ཆེན་ཞིག་ཏུ་གྱུར་ནས། ཡུལ་གཉིས་པོའི་ཡུལ་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཕྱིན་པར་མ་ཟད། རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལའང་སྐུལ་མ་ཤུགས་ཆེན་ཐེབས་ཡོད། ལྕགས་ལམ་དེར་འབད་བརྩོན་བྱེད་བཞིན་པའི་ལྕགས་ལམ་ལས་དོན་པ་ཚང་མ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོ་དེའི་དཔང་པོ་ཡིན་ལ། རླབས་ཆེན་གྲུབ་འབྲས་དེ་ཐོབ་པར་བྱེད་པའི་རྒྱབ་ཀྱི་ལེགས་སྐྱེས་འབུལ་མཁན་དང་ཕན་པ་ཐོབ་མཁན་དེ་བས་ཀྱང་ཡིན།
མཚོ་བོད་ཚོགས་པ་ཀུང་སིའི་ལྷ་སའི་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་བསོད་ནམས་སྒྲོལ་མས་གསར་འགོད་པར། ལོ་བཅུའི་རིང་།ལྷ་གཞིས་ལྕགས་ལམ་དེ་སྲ་ཞིང་མཁྲེགས་པའི་ཟམ་པ་ཞིག་དང་འདྲ་བར་མི་རྣམས་ཀྱི་འགྲོ་སྐྱོད་དགོས་མཁོ་བསྐངས་པ་མ་ཟད། རང་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱང་སྤེལ་རེས་དང་མཉམ་འདྲེས་ཐུབ་པར་བྱས་པས་ས་ཁོངས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་འགག་རྩའི་རང་བཞིན་གྱི་ནུས་པ་ཐོན་ཡོད་ཅེས་བཤད།
བསོད་ནམས་སྒྲོན་མས། ཉེ་བའི་ལོ་ཤས་རིང་། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་ཡུལ་སྐོར་བའི་དགོས་མཁོ་བསྐང་ཆེད། ཞབས་ཞུའི་བྱ་ཐབས་རབ་དང་རིམ་པ་བཏོན་པ། དཔེར་ན། “མཁའ་ལམ་གྱི་བསྐལ་བཟང་མེ་ཏོག”ཞེས་པ་དང“དར་ཚོན་ལྔ་ལྡན་གྱི་མཇལ་དར་རིང་མོ”ཞེས་པ་སོགས་ཏང་ནང་གི་ཞབས་ཞུའི་བྱ་ཐབས་བཏོན་པ་དང་། “ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་ས་མཐོའི་ཁྱད་ལྡན་བདེ་ཐང་ཞབས་ཞུའི་ལྟེ་གནས”བཙུགས་པ། “མེ་ཏོག་ཆུང་ཆུང”ཞེས་པའི་གཞོན་ནུའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ། “3+1”ཞེས་པའི་དམིགས་བསལ་ཚོགས་སྤྱིའི་སྐོར་སྐྱོད་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ་སོགས་ལྟ་བུས་རྣམ་པ་དང་ཟུར་ཚད་མང་པོའི་ཐོག་ནས་རྒྱ་ཆེའི་ཡུལ་སྐོར་བར་རང་འགུལ་དང་རིན་མེད་ངང་ཞབས་ཞུ་སྣ་ཚོགས་བསྒྲུབས་ཤིང་། ཡུལ་སྐོར་བ་བདེ་འཇགས་དང་སྐྱིད་སྣང་དོད་པོའི་སྒོ་ནས་འགྲུལ་བཞུད་ཐུབ་པར་བྱས་ཡོད་ཅེས་བཤད།
ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ལྷ་སའི་མེ་འཁོར་འབབ་ཚུགས་མངག་གཏོང་ཁང་གི་ཉེན་རྟོག་དཔོན་ཉི་མ་བཀྲ་ཤིས་ཀྱིས། ལྷ་གཞིས་ལྕགས་ལམ་བཙུགས་ནས་ལོ་བཅུ་སོང་བའི་རིང་ནི། ངའི་ངོས་ནས་བརྗོད་ན་ལང་ཚོ་ལེགས་སྐྱེས་སུ་འབུལ་བའི་ལོ་བཅུ་ཡིན་ཞེས་བཤད། དང་ཐོག་ཁོང་གིས་ས་ཚིགས་ཁུལ་དུ་སྐོར་གཡེང་སོགས་བདེ་འཇགས་ཞིབ་བཤེར་གྱི་ལས་ཀ་བྱས་མོད། ཕྱིས་སུ་འགྲུལ་རྒྱུན་མང་དུ་ཕྱིན་པ་དང་བསྟུན་ནས་ཁོང་དང་ཁོང་གི་ལས་རོགས་ཚོའི་ལས་འགན་ཡང་ཉིན་རེ་བཞིན་ལྕི་རུ་སོང་ཡོད།
ཉི་མ་བཀྲ་ཤིས་ཀྱིས། ད་ལྟའི་ཆར་ང་ཚོས་ཡུལ་སྐོར་བར་བདེ་འཇགས་སྐོར་སློབ་གསོ་གཏོང་རྒྱུ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་བཞིན་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社