ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་17ཉིན། 2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
ཝང་ཆང་གིས་ལྷ་ས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་སྐུ་མགྲོན་རྣམ་པ་དང་།འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ།ཤན་འབྱེད་པ་ཡོངས་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཁོང་གིས་མཇུག་འགྲིལ་མ་ཐག་པའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སུ“མང་ཚོགས་ཀྱི་མར་སུན་རྒྱང་རྒྱུག”གི་རྣམ་གྲངས་ཐོག་མར་བཀོད་སྒྲིག་བྱས་པ་དེ་ནི་སྲོལ་རྒྱུན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་པར་ཚད་བརྒལ་བྱུང་བ་ཞིག་ཡིན་པར་མ་ཟད། དམངས་ཡོངས་ཀྱི་ལུས་སྦྱོང་འདུ་ཤེས་ལ་སྐུལ་འདེད་ཧ་ཅང་ཆེན་པོ་ཐེབས་པ་ཞིག་ཀྱང་རེད་ཅེས་གསུངས་པ་རེད། ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཁྱེར་གྱིས་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ།བདེ་ཐང་གི་ཀྲུང་གོ་དང་ལུས་རྩལ་གྱི་གྲོང་ཁྱེར་སྟོབས་ལྡན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་བཙུགས་ཤིང་།“ལུས་རྩལ+”རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ།རིག་གནས་དང་།ཡུལ་སྐོར།ལུས་རྩལ་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
ཝང་ཆང་གིས་མར་སུན་རྒྱང་རྒྱུག་ནི་རང་ཉིད་ལ་འགྲན་སློང་དང་མཐར་སོན་ལས་བརྒལ་བའི་ལུས་རྩལ་འགྲན་བསྡུར་ཞིག་ཡིན་པར་མ་ཟད།བདེ་ཐང་གི་འདུ་ཤེས་བརྒྱུད་སྤྲོད་དང་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་མངོན་པའི་རིག་གནས་ཀྱི་འདུ་འཛོམས་གཟབ་རྒྱས་ཤིག་ཀྱང་ཡིན།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社