分享按钮

(པར་ངོས་དང་པོར་མཐུད)སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་དང་།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ལ་བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་མི་ཡུལ་གྱི་དྲང་ལམ་དུ་བསྐྱོད་དགོས། ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི《ལག་བསྟར་བསམ་འཆར》ནང་ཏང་ཀྲུང་དབྱང་གི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་དམིགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ཁྲོད་ཐག་གཅོད་བྱེད་དགོས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་སླར་ཡང་སྒྱུར་བཅོས་འགོ་འཛུགས་པའི་གོ་སྐབས་གལ་ཆེན་ལ་དམ་འཛིན་ནན་པོ་བྱས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་བསྡུས་བྱ་རྒྱུར་དེ་བས་སྣང་ཆེན་དང་། ལྗོངས་ཡོངས་ཀྱི་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་དོན་སྙིང་གལ་ཆེན་དང་། དངོས་ཡོད་ཀྱི་གཞི་འཛིན་ས། སློབ་སྟོན་གྱི་བསམ་བློ་དང་དམིགས་ཚད་ལས་འགན་ཁག་བཅས་ཁ་གསལ་བཟོས་ནས་2035ལོར་སླེབས་སྐབས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ། འབྱུང་ཁམས་ཤེས་དཔལ་གྱི་ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ། རྒྱལ་ཁབ་ཀྱི་མཐའ་སྲུང་འཐབ་ཇུས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་གཞི་རྩའི་ཆ་ནས་དེང་རབས་ཅན་དུ་འགྱུར་བ་དང་།རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཁྱོན་ཡོངས་ནས་བསྐྲུན་ཐུབ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། མི་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམ་དགོས་པའི་ལྡོག་མེད་ཀྱི་བླང་བྱ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་གནད་ལ་འཁེལ་བའི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དེ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལམ་ལུགས་ཀྱི་འགན་ལེན་ནུས་པ་མཁོ་འདོན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་དེ་བས་འཚམ་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པས་དོན་ཆེན་བཞི་དོན་འཁྱོལ་དང་འཛུགས་གཏོད་བཞིའི་ཐབས་ཇུས་བཀོད་སྒྲིག་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པར་བརྟེན་ནས་དགེ་མཚན་ཐོབ་པ་དང་། རང་འགུལ་ཐོབ་པ། མ་འོངས་པ་ཐོབ་པ་བཅས་ཀྱི་ལྡོག་མེད་བླང་བྱ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

མུ་མཐའ་མེད་པའི་རྒྱ་མཚོའི་ཀློང་དུ། གྲུ་གཡོར་རླུང་གིས་དེད་ནས་ཕ་མཐར་འགྲིམ་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་།བྱ་གཞག་ཁག་བརྟན་པོའི་ངང་སྐུལ་འདེད་གཏོང་བ། ལས་དོན་ཁག་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྔར་བས་རང་འགུལ་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལྡན་པའི་ཇུས་འགོད་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་རྒྱ་ཁྱབ་ངང་སྤེལ་བའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་།མཐའ་མཚམས་སྟོབས་ལྡན་དང་དམངས་ཕྱུག་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གོམ་སྟབས་བརྟན་པོ་ཞིག་སྤོས་པ་དང་སྦྲགས། བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བ་དང་། ཕྱོགས་གང་ཅིའི་ཐད་ཀྱི་ཉེན་ཁ་དང་འགྲན་སློང་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བ།མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཉིན་རེ་བཞིན་ཆེ་རུ་འགྲོ་བ་བཅས་ཡིན་པས་ང་ཚོས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བསམ་བློའི་འདུ་ཤེས་ལ་སྔར་བས་འགྱུར་ལྡོག་གཏོང་བ་དང་།སྒྱུར་བཅོས་ཁྱོན་ཡོངས་ནས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་བྱེད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་དེ་འབད་འཐབ་ཀྱིས་འབྱུང་འགྱུར་གཏོད་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས《ལག་བསྟར་བསམ་འཆར》ནང་ཁ་གསལ་བཟོས་པའི་སྒྱུར་བཅོས་ཀྱི་ལས་འགན་ཁག་ལ་བརྟེན་ནས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ།འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་།གདེང་ཚོད་བཞི་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་དང་།ཁ་ཕྱོགས།རྩ་དོན།འགྲོ་ལམ་སོགས་རྩ་བའི་རང་བཞིན་གྱི་གནད་དོན་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་དམ་པོར་དམིགས་ཏེ་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་རྒྱུར་དམིགས་པ་དང་།འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་དམིགས་པ། རིག་གནས་སྟོབས་ཆེའི་ཁུལ་འཛུགས་སྐྲུན་བྱ་རྒྱུར་དམིགས་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམིགས་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་དམིགས་པ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་དམིགས་པ། ཏང་གི་འགོ་ཁྲིད་ཀྱི་ཆུ་ཚད་དང་ཡུན་རིང་སྲིད་སྐྱོང་གི་ནུས་ཆེ་རུ་གཏོང་རྒྱུར་དམིགས་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་བསྐྲུན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། འབྱུང་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པ། ཏང་སྲིད་དང་།དམག་མི། མང་ཚོགས་བཅས་ཀྱི་མཉམ་ཤུགས་ལ་བརྟེན་ནས་མཐའ་མཚམས་སྲ་བརྟན་ཏུ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཏུ་འགྱུར་བའི་སྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་།མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ། མི་སེམས་གཅིག་ཏུ་བསྒྲིལ་བར་སྐུལ་འདེད་གཏོང་བ།ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་དགོས། རིག་གནས་ཀྱི་སྒྲིག་གཞི་དང་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རིག་གནས་སྟོབས་ཆེའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་གི་ལམ་ལུགས་འཛུགས་སྐྱོང་དང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྒྱུར་བཅོས་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

མདུན་ལམ་ཇི་ཙམ་བཟང་ན་ང་ཚོས་དེ་ཙམ་གྱིས་གསར་གཏོད་བྱེད་དགོས་ལ། ཕུགས་འདུན་ཇི་ཙམ་རླབས་ཆེ་ན་ང་ཚོས་དེ་ཙམ་གྱིས་འབད་བརྩོན་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ནི་སྒྱུར་བཅོས་སྒོ་དབྱེའི་ཁྲོད་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་ཞིག་ཡིན་ལ།སྒྱུར་བཅོས་སྒོ་དབྱེའི་ཁྲོད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཞིག་ཀྱང་གཏོད་ཐུབ་ངེས་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་ནས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། གསར་འབྱེད་གསར་གཏོད་ཀྱིས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་བསུ་བ་ཞུ་དགོས།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-16 6 6 拉萨日报藏文 c186258.html 1 /enpproperty-->