分享按钮

2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་ གྱི་གྲ་སྒྲིག་ལས་དོན་མཇུག་སྒྲིལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་17ཉིན་2024ལོའི་ལྷ་སའི་ལམ་ཕྱེད་མར་རྒྱང་རྒྱུག་དངོས་སུ་སྤེལ་རྒྱུ་ཡིན་པ་དང་། ཟླ་8ཚེས་13དང་14ཉིན། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་འགྲན་བསྡུར་ལས་དོན་མཇུག་སྒྲིལ་བ་རེད།

ཟླ་8ཚེས་13ཉིན་གྱི་སྔ་དྲོར། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་པ་དང་མར་སུན་འགྲན་ཞུགས་པའི་ཁུག་མའི་ཐུམ་སྒྲིལ་རྒྱག་མཁན་དང་བླངས་པ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་ཡོང་ནས། 2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་ཞུགས་པའི་ཁུག་མར་ཐུམ་སྒྲིལ་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་ཐུམ་སྒྲིལ་རྒྱག་པའི་ལས་དོན་དེ་དུས་ཡུན་ཉིན་གཉིས་ཡིན་པ་དང་། གསར་འགོད་པས་ཡུལ་དངོས་ནས་དང་བླངས་པའི་ལས་བགོས་གོ་རིམ་ལྡན་པ་དང་། འགྲན་བསྡུར་གྱི་དངོས་ཟོག་དང་ལྷ་སའི་ཁྱད་ལྡན་ཐོན་རྫས་གཞིར་བཟུང་ཐུམ་སྒྲིལ་རྒྱག་བཞིན་པ་དང་། འགྲན་ཞུགས་པ་5000ལ་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད་པ་མཐོང་བྱུང་།

2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་པ་ཡོན་ཀྲུའུ་ཡིས་ད་ཐེངས་ང་ཚོའི་འགྲན་ཞུགས་པའི་ཁུག་མའི་ནང་། ལུས་རྩལ་པའི་མགོ་རས་དང་། སྨན། ཨང་གྲངས། འགྲན་ཞུགས་གྱོན་ཆས། ལུས་རྩལ་གྱི་ལག་གདུབ། མིག་ཤེལ་ཕྱི་རས། ནས་རྒྱུའི་འོ་མ་བཅས་ཡོད་པ་དང་། དེ་བཞིན་གསོན་མགྲོན་ཁང་གི་རིན་གཅོག་འཛིན་ཤོག་དང་། རོགས་སྐྱོར་ཚོང་པའི་ཏི་ཏི་རླངས་འཁོར་གྱི་གཟིགས་སྐྱོང་འཛིན་ཤོག་བཅས་ཀྱང་ཡོད། གཟིགས་སྐྱོང་འཛིན་ཤོག་ནང་ལྷ་སའི་མཛེས་ལྗོངས་ཁུལ་ངོ་སྤྲོད་དང་འགྲན་བསྡུར་ནང་ཞུགས་པའི་ངེས་ཤེས་ཡོད་ལ། རྣམ་གྲངས་ཁག་གི་འགྲན་བསྡུར་གྱི་དུས་ཚོད་དང་། འགྲན་བསྡུར་གྱི་ས་ཁྲ། འགོ་འཛུགས་ས་དང་མཇུག་བསྡུ་ས་བཅས་ཀྱི་ངོ་སྤྲོད་ཀྱང་ཡོད། དུས་མཚུངས་སུ་ད་དུང་ཐེངས་གཅིག་རང་བཞིན་གྱི་ཆར་ལྭ་ཡང་ཡོད་ཅེས་བཤད།

དངོས་རྫས་དེ་དག་ཕུད་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་ད་དུང་ལོང་སྒམ་ཡང་ཁུག་མའི་ནང་བཅུག་ཡོད་པ་དང་། འགྲན་ཞུགས་པར་ལོང་སྒམ་དངོས་རྫས་དེ་རག་ཚེ་དེ་ནི་དགའ་འོས་པའི་དངོས་པོ་ཞིག་ཡིན། ཡོན་ཀྲུའུ་ཡིས་ལོང་སྒམ་ནང་ཆེད་མངགས་ཇུས་འགོད་བྱས་པའི་བོད་ཀྱི་ནོར་གནག་གི་འགུལ་རིས་ཀྱི་གཟུགས་བརྙན་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་ཡོད་པ་དང་། དེའི་ནང་འཁྱགས་སྒམ་སྟེང་སྦྱོར་བྱེད་གཡག་ནོར་དང་། བྲང་ཁབ། འགྱིག་གི་རྒྱན་ཆས། དམིགས་བསལ་གྱི་ལུས་རྩལ་ལག་གདུབ་དང་ཟ་ཁང་གི་གཟིཊ་སྐྱོང་འཛིན་ཤོག་བཅས་ཡོད་པ་དང་། དེ་དག་ཚང་མ་སྐབས་བསྟུན་ངང་སྤྲོད་ཀྱི་ཡོད་པས་ཚང་མས་དངོས་རྫས་དེ་ལེན་རྒྱུར་རེ་སྒུག་བྱས་ཆོག་ཅེས་བཤད།

2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་ལུས་རྩལ་པའི་ཁུག་མ་དེ་ཟླ་8ཚེས་15ནས་ཚེས་16ཉིན་བར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོའི་ཁང་གི་འགྲོ་ལམ་དང་པོའི་སྦྱོང་བརྡར་ཁང་ནས་ལེན་དགོས་པ་དང་། འགྲན་བསྡུར་སྤེལ་བའི་ཉིན་དེར་ཡུལ་དངོས་སུ་དངོས་པོ་ལེན་རྒྱུ་མེད། འགྲན་ཞུགས་ལུས་རྩལ་པས་འགྲན་བསྡུར་ཁུག་མ་ལེན་སྐབས་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་ཁྱེར་ནས་ཡོང་དགོས་པར་མ་ཟད། བསྐྱར་བཤེར་སྙན་ཞུ་ཡང་ཁྱེར་ནས་ཡོང་དགོས། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-16 6 6 拉萨日报藏文 c186251.html 1 2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་ གྱི་གྲ་སྒྲིག་ལས་དོན་མཇུག་སྒྲིལ་བ། /enpproperty-->