ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་དུས།རང་གྲོང་དུ་གནམ་གཤིས་མུ་མཐུད་ཚ་བ་ཆེ་རུ་སོང་བས།དྲོད་ཚད་མཐོ་བའི་གནམ་གཤིས་ཀྱིས་དམིགས་བསལ་མི་ཚོགས་ཀྱི་འཚོ་བར་སྟབས་མི་བདེ་བ་བཟོས་པ་སེལ་བ་དང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་མི་ཐོན་པའི་སྔོན་འགོག་བྱ་ཆེད།ཟླ་6ཚེས་24ཉིན།བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་དྲ་མིག་པ་སྒྲིག་འཛུགས་བྱས་ནས་ཁྱིམ་ཚང་དུ་འཚམས་འདྲི་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་དམིགས་བསལ་མི་ཚོགས་བདེ་འཇགས་ངང་དབྱར་ཁ་སྒྲོལ་རྒྱུའི་འགན་ལེན་བྱས་པ་རེད།
ཉིན་དེར།སྡེ་ཁུལ་དེའི་དྲ་མིག་པ་ཁྱིམ་ཚང་རེ་རེ་བཞིན་བསྐྱོད་དེ་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་དང་།དབང་པོ་སྐྱོན་ཅན་རྒན་རྒོན།གཞིས་ལུས་རྒན་རྒོན་སོགས་དམིགས་བསལ་མི་ཚོགས་ལ་འཚམས་འདྲི་བྱས་ནས་རྒན་རྒོན་ཚོར་གནམ་གཤིས་ཚ་བ་ཆེ་བའི་སྐབས་སུ་ཕྱི་ལ་འགྲོ་ཉུང་ཙམ་བྱེད་པ་དང་།ཟ་མར་ཞག་ཚིལ་ཉུང་བ།ཆུ་མང་ཙམ་འཐུང་དགོས་པ་དང་།ཕྱི་ལ་འགྲོ་དུས་རང་ཉིད་ཀྱི་འགོག་སྲུང་ལ་དོ་སྣང་བྱེད་དགོས་པ་དང་ཁྱིམ་དུ་ཆུ་གློག་དང་འབར་རླངས་བདེ་འཇགས་ངང་སྤྱོད་དགོས་པར་མ་ཟད།ཁ་པར་ཤར་གཏོང་ཡོང་བའི་འགན་ལེན་བྱེད་དགོས་པའི་ཁ་ཏ་ཡང་ཡང་བྱས་པ་དང་།གལ་ཏེ་ཛ་དྲག་གི་གནས་ཚུལ་ཐོན་ཚེ་ངེས་པར་དུ་འཕྲལ་མར་འབྲེལ་གཏུག་པར་བརྡ་གཏོང་དགོས་པའི་དྲན་སྐུལ་ཡང་བྱས་ཡོད།གཞན་ཡང་།ད་དུང་རྒན་རྒོན་ཚོར་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དགོས་མཁོ་གང་བྱུང་ཡང་དུས་ཐོག་ཏུ་སྡེ་ཁུལ་དང་འབྲེལ་བ་བྱས་ན་འཕྲལ་དུ་དང་བླངས་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པའི་དྲན་སྐུལ་བྱས་ཡོད།གསར་འགོད་པས་འཚམས་འདྲི་བྱེད་རིང་།དྲ་མིག་པ་ཚོས་འཚང་ཁ་བཤིག་བཤིག་གིས་སྐད་ཆ་བཤད་དེ་བགྲེས་སོང་དང་འཚོ་བའི་སྐོར་གླེང་བ་དང་།དགོད་སྒྲའི་ཁྲོད་ཕན་ཚུན་ཧ་ཅང་འཆམ་མཐུན་ངང་གནས་པ་མཐོང་བྱུང་།དེ་དང་ཆབས་ཅིག་རིན་མེད་ཐོག་ཁོང་ཚོའི་ཁྲག་ཤེད་དང་ཁྲག་གི་དབྱང་ཚད་འཇལ་བ།རྒྱུན་སྤྱོད་སྨན་རྫས་སྤྲོད་པ་སོགས་བྱས་པས།འབྲེལ་ཡོད་མི་སྣའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་མ་ཟད།ཁོངས་གཏོགས་ཁུལ་གྱི་དམིགས་བསལ་མི་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།
དབྱར་དུས་ཚ་གདུག་ཆེ་བའི་སྐབས་སུ་དྲ་མིག་པས་འཚམས་འདྲི་བྱས་པ་དེ་ཁོངས་གཏོགས་ཁུལ་གྱི་གྲོང་མིར་བསིལ་རླུང་ལྡང་བ་ལྟར་ཁོང་ཚོར་སྡེ་ཁུལ་གྱི་ཁྱིམ་ཚང་ཆེན་པོའི་སེམས་ཁུར་དང་གཅེས་སྐྱོང་གི་ཚོར་སྣང་བྱུང་ཡོད།སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་དྲོ་སྐྱིད་ལྡན་པའི་ཞབས་ཞུར་ཡུལ་མི་མང་ཚོགས་ཀྱི་ཚད་མཐོའི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་ཡོད།
བསྟན་རྒྱས་གླིང་སྡེ་ཁུལ་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་སྤེན་པ་ཚེ་རིང་གིས་གསར་འགོད་པར་དྲ་མིག་པ་ནི་ཏང་ཨུད་དང་།སྲིད་གཞུང་།མང་ཚོགས་བཅས་དབར་གྱི་སེམས་འབྲེལ་ཟམ་པ་ལྟ་བུ་ཞིག་ཡིན་པ་དང་།དུས་ཡུན་རིང་པོའི་ནང་སྡེ་ཁུལ་གྱི་དྲ་མིག་པས་ལྷག་བསམ་རྣམ་དག་གིས་བརྩེ་སེམས་ཟབ་མོ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་མི་མང་ཚོགས་དང་ལྷག་པར་དུ་དམིགས་བསལ་མི་ཚོགས་དབར་གྱི་འབྲེལ་བ་ལེགས་སུ་བཏང་ཡོད། ད་ཆ་རྒན་རྒོན་ཚོས་བྱ་བ་ཡོད་ན་རང་འགུལ་ངང་དྲ་མིག་པ་བཙལ་ནས་རོགས་རམ་བྱ་རྒྱུའི་རེ་བ་འདོན་གྱི་ཡོད།ཉིན་ནས་ཉིན་བརྒྱུད་ནས་འབྲེལ་འདྲིས་བྱས་པར་བརྟེན་ཁོང་ཚོའི་ཡིད་ཆེས་ཐུབ་པ་དང་བློས་འགེལ་ཆོག་པའི་ཁྱིམ་མིར་གྱུར་ཡོད་པ་རེད།
སྤེན་པ་ཚེ་རིང་གིས་སླད་ཕྱིན་སྡེ་ཁུལ་གྱིས་ད་དུང་རྣམ་པ་སྣ་ཚོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་དམིགས་བསལ་མི་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་།དམིགས་བསལ་མི་ཚོགས་དང་འབྲེལ་གཏུག་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ།དམིགས་བསལ་མི་ཚོགས་ཀྱི་ད་ལྟའི་གནས་ཚུལ་དང་དགོས་མཁོ་ཁོང་དུ་ཆུད་པ་བཅས་བྱས་ཏེ་རྒན་རྒོན་ལ་གཅེས་སྐྱོང་དང་།རྒན་རྒོན་ལ་གུས་བཀུར།རྒན་རྒོན་ལ་རོགས་རམ་བཅས་བྱེད་པའི་སྡེ་ཁུལ་གྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社