ཟླ་6ཚེས་22ཉིན་གྱི་སྔ་དྲོར། ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འཚོགས་པ་རེད། ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ནི་ལྷ་སའི་ལོ་རྒྱུས་ཐོག་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ། ཞིང་འབྲོག་པའི་སྒོ་འགྲམ་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཀྱང་ཡིན་ཞིང་། དེས་ཞིང་འབྲོག་མང་ཚོགས་ཀྱི་མཐུན་སྒྲིལ་ཡར་བརྩོན་དང་། ཧུར་བརྩོན་ཡར་ཐོན། འདྲ་མཉམ་ཁོང་ཡངས་བཅས་ཀྱི་སྙིང་སྟོབས་མཚོན་ཡོད་པ་དང་། ལུས་རྩལ་འགྲན་ཚོགས་གཟབ་རྒྱས་དང་རིག་གནས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ལ། མཐུན་སྒྲིལ་དང་མཛའ་གྲོགས་ཀྱི་འགྲན་ཚོགས་གཟབ་རྒྱས་ཤིག་ཀྱང་ཡིན།
སྐབས་འདིའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ལ་རྩལ་འགྲན་འགྲན་བསྡུར་རྣམ་གྲངས་དང་མི་རིགས་ཀྱི་སྲོལ་རྒྱུན་དང་སྤྲོ་སྣང་རྣམ་གྲངས་རིགས་གཉིས་ཀྱི་འགྲན་བསྡུར་རྣམ་གྲངས་19ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་ཁག་གི་འཐུས་མི་རུ་ཁག་11གི་ལུས་རྩལ་པ་500ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། དེའི་རིང་ད་དུང་རྟ་སྒ་ཆ་སྒྲིག་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དེའི་ནང་མཚན་མོའི་གློག་འོད་འགྲེམས་སྟོན་དང་། རླངས་འཁོར་འགྲེམས་སྟོན། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན། ཞིམ་ཟས་དགའ་ནེའུ་དུས་ཆེན་སོགས་ཚུད་ཡོད་པ་རེད།
འགྲན་རའི་ཐོག་ལུས་རྩལ་པ་ཚོས་གྲལ་འགྲིག་པའི་ལས་གོས་དང་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་གྱོན་ཞིང་། ཁོང་ཚོས་གྲལ་འགྲིག་པའི་གོམ་སྟབས་སྤོ་བཞིན་དུ་བཞིན་རས་ལས་ཡིད་ཆེས་དང་སྤོབས་སེམས་ཀྱིས་ཁེངས་པའི་དུས་རབས་གསར་པའི་ཞིང་འབྲོག་པས་ཏང་གི་རྗེས་སུ་འབྲང་བའི་དད་སེམས་དང་།ལུས་རྩལ་དང་འཚོ་བར་དགའ་ཞེན་བྱེད་པའི་སྤྲོ་སེམས་ཀྱིས་ཁེངས་པ་མཚོན་ཡོད།
པར་①ནི་གཡག་རྒྱུག་འགྲན་བསྡུར་གྱི་ཡུལ་དངོས་ཡིན་པ།
པར་②ནི་ཐག་འཐེན་འགྲན་བསྡུར་གྱི་ཡུལ་དངོས་ཡིན་པ།
པར་③ནི་ཀེ་རེམ་འགྲན་བསྡུར་གྱི་ཡུལ་དངོས་ཡིན་པ།
པར་④ནི་རྡོ་འགྱོག་འགྲན་བསྡུར་བྱེད་པའི་ཡུལ་དངོས་ཡིན་པ།
པར་⑤ནི་ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།
པར་⑥ནི་རྡོ་འགྱོག་འགྲན་བསྡུར་གྱི་ཨང་དང་པོ་དང་། གཉིས་པ།གསུམ་པ་བཅས་ཐོབ་མཁན་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།
པར་⑦ནི་འགོ་ཚུགས་མཛད་སྒོའི་ཐོག་འགྲན་བསྡུར་ནང་ཞུགས་མཁན་འཐུས་མི་རུ་ཁག་རྣམས་འགྲན་རར་འཛུལ་ཡོང་བའི་གནས་ཚུལ་ཡིན་པ།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社