分享按钮

འབད་འབུངས་ཡར་བརྩོན་དང་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན་པ།

(པར་ངོས་དང་པོར་མཐུད)འགན་འཁུར་བ་ཧོང་ཁྲུན་ཧྥེང་ལ་འགན་འཁྲི་གལ་ཆེན་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཞིང་། སླད་ཕྱིན་གསར་གཏོད་ཟམ་མི་ཆད་པར་བྱས་ཏེ་ཀྲུང་ཧྭའི་བུ་ཕྲུག་ལ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་མཛེས་སྡུག་མྱོང་རོལ་གང་ལེགས་བྱེད་དུ་བཅུག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བརྩེ་དུང་དེ་བས་ཟབ་པ་དང་དེ་བས་ཉེ་བ་ཞིག་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་མུ་སྦྲེལ་ཀློག་དེབ་དཔེ་སྐྲུན་བྱེད་ཉེར་ཡོད་པ་དེའི་ནང་བོད་ཀྱི་ཏང་ཡོན་ལས་བྱེད་པའི་ཀློག་དེབ་དང་། བོད་ཀྱི་མང་ཚོགས་ཀྱི་ཀློག་དེབ། བོད་ཀྱི་གཞོན་ནུའི་ཀློག་དེབ་དང་བོད་ཀྱི་ལོ་ཆུང་བྱིས་པའི་ཀློག་དེབ་སོགས་ཚུད་ཡོད་པ་དང་སྔོན་དཔག་བྱས་ན་དེབ་ཁྲི་100ལྷག་ཙམ་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་རིགས་པའི་གཞུང་ལུགས་ཁྲུའུ་ཡི་ཁྲུའུ་ཀྲང་ཧྲི་ཆི་ཧྥེང་གིས་སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་དོན་ཆེན་པོ་དང་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་དགོས་པའི་ནན་གསུངས་གནང་ཡོད་པས་ང་ཚོར་རྩ་བའི་བརྩི་སྲུང་མཁོ་འདོན་གནང་ཡོད། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསླབ་དེབ་དང་ཀློག་དེབ་དེ་བས་མང་བ་རྩོམ་སྒྲིག་བྱས་ནས་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཀྱི་སྒྲོག་འགྲེལ་དང་།ལག་ལེན་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་དང་སྤོབས་སེམས་སྔར་བས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་སྐྱིད་སྡུག་མཉམ་མྱོང་དང་།ཁྲེལ་གྲགས་མཉམ་འཁུར།ཤི་གསོན་མཉམ་གནས།ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ཡིན་ཞེས་བཤད་པ་རེད།

དམངས་སེམས་འདུ་འགོད་རེ་རེ་དང་དམངས་ཕན་བྱ་བ་དངོས་རེ་རེས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པ།

དབྱར་དུས་ཟིན་པས་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ཤར་ལྷོའི་མིའོ་རིགས་ཏུང་རིགས་རང་སྐྱོང་ཁུལ་ཐེན་ཀྲུའུ་རྫོང་ཀྲུའུ་ཤང་ཀྲུའུ་ཤིས་གྲོང་ཚོའི་ཇ་ཤིང་མུའུ་སྟོང་གི་སྐྱེ་ཚད་དགའ་འོས་པ་ཞིག་ཡོད། ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་མང་ཚོགས་ཀྱིས་ནགས་ས་འཁོར་རྒྱུག་དང་། ས་ཆ་མ་རྐང་ནང་ཞུགས་པ། འཛུགས་སྐྲུན་ནང་ཞུགས་པ་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཡོང་འབབ་མང་དུ་བཏང་བས་ལས་ཞུགས་བརྟན་པོ་བྱུང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འཕྲལ་མར་སློབ་སྦྱོང་བྱས་རྗེས་ཀྲུའུ་ཤིས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དབྱང་ཐེན་ལའེ་ཡིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱས་ཏེ་དམངས་འཚོའི་བདེ་སྐྱིད་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་བྱ་སྤྱོད་དང་ཉེ་འགྲམ་དུ་ཡོད་པ་དངོས་འབྲེལ་ཚོར་ཐུབ་པར་བྱ་རྒྱུ་ཡིན་ཞེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

འབྱུང་ཁམས་ལྗང་མདོག་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་བྱ་བ་གལ་ཆེན་འདི་ཡག་པོ་བསྒྲུབས་པ།

མའོ་ཝུའུ་སུའུ་བྱེ་སའི་མཐའ་རུ་ཉིང་ཞ་ལིང་ཝུའུ་པའེ་ཅི་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ལྗང་མདོག་གི་སྲུང་ཡོལ་ཞིག་དང་འདྲ་བར་བྱེ་རླུང་སླར་ཡང་འཛུལ་བར་དཀའ།

སྤྱི་ཁྱབ་ཧྲུའུ་ཅིས་ནགས་ཚལ་དང་། རྩྭ་ཐང་། འདམ་ར། བྱེ་ཐང་བཅས་ཀྱི་འབྱུང་ཁམས་སྲུང་སྐྱོང་ཉམས་གསོ་དང་བ་ཚྭ་ཅན་གྱི་ས་ཆ་ཕྱོགས་བསྡུས་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུའི་བླང་བྱ་བཏོན་པ་དེས་དུས་རབས་གསར་པའི་བྱེ་འགོག་བྱེ་བཅོས་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། བྱེ་ཐང་དང་འཐབ་རྩོད་ལྷོད་མེད་བྱེད་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། རྒྱལ་ཡོངས་ཀྱི་བྱེ་འགོག་དཔའ་བོ་ཝང་ཡིའུ་ཏེས་ང་ཚོས་བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། བྱང་གསུམ་ལས་གྲྭ་དེ་གཏོར་ཐབས་བྲལ་བའི་བྱང་རྒྱུད་ཀྱི་ལྗང་མདོག་ལྕགས་རི་རིང་པོ་དང་འབྱུང་ཁམས་བདེ་འཇཊ་ཀྱི་སྲུང་ཡོལ་ཞིག་ཏུ་བསྐྲུན་ནས་འབྲི་ཆུའི་ལྷོ་རྒྱུད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཧྲན་ཏུང་ཏུང་ཡིང་དུ་གནས་པའི་ཧྲན་ཏུང་རྨ་ཆུའི་ཟུར་གསུམ་གླིང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྩི་ཤིང་སྣ་ཚོགས་ཉི་མའི་ཕྱོགས་སུ་སྐྱེས་ཤིང་། དུས་བྱ་ཁྱུ་དང་ཁྱུ་བྱས་ནས་ནམ་མཁར་འཕུར་ལྡིང་བྱེད་བཞིན་ཡོད། སྲུང་སྐྱོང་ཁུལ་གྱི་འབྱུང་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་མཐོ་རིམ་བཟོ་སྐྲུན་ཆེན་མོ་བ་ཀྲའོ་ཡ་ཅེ་ཡིས་བརྙན་ཤེལ་ཆེན་པོ་བརྒྱུད་ཆུ་བྱའི་སྐྱེ་འཕེལ་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།ཀྲའོ་ཡ་ཅེས་སྤྱི་ཁྱབ་ཧྲུའུ་ཅིས་རྨ་ཆུའི་འབབ་རྒྱུད་ཀྱི་འབྱུང་ཁམས་ལ་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་གནང་གི་ཡོད། ང་ཚོས་ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། རིག་ནུས་ལྟ་སྐུལ་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་སེམས་ནུས་ཡོད་རྒུས་སྲུང་སྐྱོང་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལེའུ་གསར་པ་བརྩམ་རྒྱུ་ཡིན་ཞེས་བཤད།

མཚོ་སྔོན་དུ་གནས་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་མཚོ་ལྷོ་རྟེན་གཞིར་འོད་ཤུགས་པང་ལེབ་རེ་རེ་ལས་ལྗང་མདོག་ནུས་པ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།

རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སིའི་ཏུང་ཧྲི་ཀྲང་ཡའོ་ཞའོ་ཡན་གྱིས་ང་ཚོས་འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་དང་འབྱུང་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།ནུས་རྒྱུ་གཙང་མའི་རྟེན་གཞི་ཆེན་པོ་འཛུགས་སྐྲུན་དང་གསར་དར་ཐོན་ལས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་ནས་འབྱུང་ཁམས་སྔོན་ལ་སྤེལ་བ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྔ་ཕྱི་བར་གསུམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད།

ཅང་ཤིས་ཅིའུ་ཅང་དུ་ཧྲང་ཧའེ་གྲུ་ཁ་ཚོགས་པའི་ཅིའུ་ཅང་གྲུ་ཁའི་གྲོང་ནུབ་གྲུ་ཁའི་དོས་སྒམ་གྲུ་ཁར་ལས་བྲེལ་ཆེ་བའི་རྣམ་པས་ཁེངས་ཞིང་།གཙང་པོའི་ཐོག་ཟོག་འདྲེན་གྲུ་གཟིངས་ཕར་འགྲོ་ཚུར་འོང་བྱེད་པ་དང་དུང་བརྡ་སྒྲོག་བཞིན་མཆིས།

ཅང་ཞི་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་བཟོ་ལས་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་ལོའུ་ཆི་ཡིས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱ་རྒྱུའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་ཁ་གསལ་བཏོན་གནང་ཡོད།ཉེ་བའི་ལོ་ཤས་རིང་།ཅིའུ་ཅང་གིས་གཙང་པོའི་རྒྱུད་ཀྱི་རྫས་འགྱུར་བཟོ་ལས་ཀྱི་ཁེ་ལས་ཆུང་གྲས་རིགས་དབྱེ་བྱས་ནས་སྒོ་རྒྱག་མཚམས་འཇོག་དང་སྤོ་སྒྱུར་བྱས་ཏེ་འཕེལ་རྒྱས་ཀྱི་བར་མཐོངས་དེ་གྲུ་ཁའི་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་སྣེ་ཁྲིད་བྱེད་པའི་གསར་དར་ཐོན་ལས་ལ་བཞག་ཡོད། འབྱུང་འགྱུར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་སུ་གཏོང་རྒྱུ་དང་།རྫས་འགྱུར་བཟོ་ལས་ཁེ་ལས་སྦྲེལ་ཐག་གསར་པར་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་འབྱུང་འཕྲོད་ཅན་དང་། ཞིབ་ཚགས་ཅན། རྩེར་སོན་ཅན་བཅས་སུ་བསྒྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།

མི་དམངས་ཡོངས་ལ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་བྱུང་བའི་ཕན་པ་ཐོབ་པར་བྱེད་པ།

རྒྱལ་ཁབ་སྐྱོང་བའི་ཐབས་ལམ་ནི་དམངས་ཕྱུག་པོར་འགྱུར་རྒྱུ་ནས་འགོ་བརྩམས་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་སྔར་ལས་མངོན་གསལ་དོད་པོ་ཡོང་བར་བྱས་པ།

2017ལོའི་ཟླ་9པར་ཀན་སུའུ(ལན་ཀྲོའུ)རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཟོག་འདྲེན་གྲུ་གཟིགས་ཐོག་མར་ཤར་གཏོང་བྱས་ཡོད་ཅིང་།ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་ནས་ལྷོ་ནུབ་བར་གྱི་མཚོ་ཐོག་བགྲོད་ལམ་གྱི་ལམ་ཐག་ཐུང་ཤོས་ཤར་གཏོང་ཐུབ་པ་དང་མིག་སྔའི་བར་རྒྱལ་སྤྱིའི་གྲུ་གཟིངས་477མངགས་གཏོང་བྱས་ཡོད་པ་རེད།

ཀན་སུའུ(ལན་ཀྲོའུ)རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཅན་ལིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱབ་ཁབ་ཕྱི་ནང་གི་སྒོ་དབྱེ་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས་པའི་ནན་གསུངས་གནང་ཡོད་པས།ང་ཚོར་རྒྱུད་གཅིག་ལམ་གཅིག་དང་ནུབ་རྒྱུད་སྐམ་སའི་མཚོ་ལམ་གསར་པའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།ང་ཚོས་སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་གཞིར་བཟུང་།དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་དང་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

ཉིང་ཞ་ཕེང་དབྱང་རྫོང་མིང་ཉིང་དེང་རབས་འཁོར་རྒྱུག་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ལ་ས་ཁྱོན་མུའུ་300ཟིན་ནས་ཉིན་རེར་ཤ་མོ་སོས་པ་སྣ་ཚོགས་ཏུན་5ཐོན་གྱི་ཡོད་པ་དང་།ལོ་རེའི་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི་2000ཟིན་ནས་ས་གནས་དེ་གའི་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཁྱིམ་གྱི་སྒོ་འགྲམ་དུ་ཡོང་འབབ་རག་པར་སྐུལ་ཁྲིད་ཐུབ་པས་ཧྥུའུ་ཅན་དང་ཉིང་ཞ་ཤར་ནུབ་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཧྥུའུ་ཅན་ཞིང་ཆེན་གྱི་ཉིང་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གསུམ་པའི་རུ་མི་དང་།ཕེང་དབྱང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གཞོན་པ་བཅས་ཡིན་པའི་ཝུན་ཅེ་ཡིས་ད་ཆ་མིང་ཉིང་མཉམ་ལས་ཀྱི་ཐོན་ལས་གསར་པ་རྒྱུན་ཆད་མེད་པར་ཐོན་ནས་མ་འཇོག་གསར་པ་འཕེལ་རྒྱས་འགྲོ་བཞིན་ཡོད་པས་མིང་ཉིང་མཛའ་བརྩེ་ཟབ་པའི་ལེའུ་གསར་པ་རྩོམ་བཞིན་ཡོད། ཤར་ནུབ་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མིང་ཉིང་ཐོན་ལས་གླིང་འཛུཊ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་།གཟིགས་སྐྱོང་སྲིད་ཇུས་མཐུན་སྦྱོར་དང་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད།

འགྲིམ་འགྲུལ་སྟབས་བདེ་དང་། ཐོན་ལས་འཕེལ་རྒྱས། ཁོར་ཡུག་ལེགས་སུ་ཕྱིན་པ་སོགས་ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཧུང་ཞི་པའོ་ཆུས་ནི་རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་གཅིག་སྡུད་བཀོད་སྒྲིག་ཁུལ་ཆེ་ཤོས་དེ་ཡིན་ཞིང་།ཁོང་ཚོའི་འཚོ་སྡོད་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཀྲི་ཧྥེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་བར་ཕྱི་གསུམ་དུ་གྲོང་གསེབ་ལ་ཐུགས་ཁུར་གནང་བཞིན་ཡོད་པས་ང་ཚོའི་སེམས་ལ་དགའ་ཚོར་ཡོང་གི་འདུག་ལ་ཕྲག་ཐོག་གི་འགན་འཁྲི་ཡང་ལྕི་པོ་ཡོད་པའི་ཚོར་སྣང་ཡོང་གི་འདུག ཕྱིས་འབྱུང་ཐབས་རྒྱ་ཇུས་གཏོང་གི་སྒོ་ནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་གཞི་ཁྱོན་ཅན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བ་མཐའ་གཅིག་ཏུ་སྔོན་འགོག་བྱ་རྒྱུ་དང་།འཚོ་སྡོད་ལ་འཚམ་པའི་མཛེས་པའི་གྲོང་གསེབ་བསྐྲུན་ནས་གྲོང་གསེབ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

མིག་སྔར་ཤིན་ཅང་ཁ་ཧྲི་ས་ཁུལ་གྱི་ཅ་ཧྲི་རྫོང་གི་ཤིང་འབྲས་ལྡུམ་རའི་ནང་ཤིང་ཏོག་སྐྱུར་མོའི་འབྲས་བུ་སྨིན་པའི་སྒང་ཡིན་པས།ས་ཆ་དེ་ནི་ཀྲུང་གོའི་སྤུས་ལེགས་ཀྱི་ཤིང་ཏོག་སྐྱུར་མོའི་ཐོན་སྐྱེད་དང་།ལས་སྣོན། ཕྱིར་གཏོང་རྟེན་གཞི་བཅས་ཆེ་ཤོས་སུ་གྱུར་ཡོད།

ཤིང་ཏོག་སྐྱུར་མོ་འདེབས་འཛུགས་བྱས་ནས་ལོ་20སོང་བའི་ཁུར་པན་ཝུའུ་ཧྥུ་ཨེར་གྱིས་སྤྱི་ཁྱབ་ཧྲུའུ་ཅིས་ཁྱད་ཆོས་ཅན་དང་ཁྱད་པར་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་ཞེས་གསུངས་པའི་བཀའ་མོལ་དེ་ང་ཚོའི་སེམས་དབུས་སུ་བཅངས་ཡོད། མ་འོངས་པར་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་རིག་ནུས་ཐོན་སྐྱེད་སྒྲུབ་རིམ་འཛུགས་པ་དང་སྔོན་ཐོན་གྱི་སོས་ཉར་ལག་རྩལ་ནང་འདྲེན་བྱས་ནས་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་བཏང་སྟེ་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུ་དང་། ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བྱ་ཐབས་ལ་བརྟེན་ནས་ཞིང་པའི་ཡོང་འབབ་མང་དུ་དང་འཚོ་བ་དེ་བས་སྐྱིད་པོ་ཞིག་བསྐྱལ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་། རུལ་སུངས་བྱེད་མི་ཕོད་པ། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཀན་རྫོང་ཆུས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡུན་ཧྥེ་ཡི་ལས་ཀའི་ཁ་ཕྱོགས་སྔར་བས་གསལ་དུ་ཕྱིན་ཡོད། ཁོང་གིས་ང་ཚོས་ཏང་གཤིས་དང་།ཏང་སྲོལ།ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་གཏན་ཅན་དང་ཡུན་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་།ཏང་སྲོལ་བཟང་པོར་བརྟེན་ནས་མི་སེམས་གཅིག་ཏུ་སྒྲིལ་བ་དང་སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།

(སྟོབས་རྒྱལ་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-24 6 6 拉萨日报藏文 c183185.html 1 འབད་འབུངས་ཡར་བརྩོན་དང་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན་པ། /enpproperty-->