ཚེས་24ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཨན་ཏུང་ཉི·པུའུ་ལིན་ཁེན་གྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན།ཨ་རིས་ཡུག་རེན་ལ་རིན་ཐང་ཨ་སྒོར་དུང་ཕྱུར་2.75ཟིན་པའི་དམག་དོན་གྱི་རོགས་སྐྱོར་ཁ་སྣོན་བྱས་ནས་ཡུག་རེན་དམག་གིས་ཡུག་རེན་བྱང་ཤར་རྒྱུད་ཀྱི་ཧའར་ཁོ་ཧྥུའུ་ས་ཁུལ་དུ་ཨུ་རུ་སུའི་དམག་དཔུང་ལ་ཁ་གཏད་གཅོག་རྒྱུར་རོགས་རམ་བྱ་རྒྱུ་རེད།
ཚེས་24ཉིན་ཧྥ་རན་སེའི་གསར་འགྱུར་ཁང་གིས་པུའུ་ལིན་ཁེན་གྱི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རི་ཕྱོགས་ཀྱིས་དམག་དོན་རོགས་སྐྱོར་གསར་པ་དེ་དག་གང་མགྱོགས་སྤྲོད་རྒྱུ་ཡིན་པ་དང་དམག་དོན་རོགས་སྐྱོར་ཁག་དེའི་ནང་ཡུག་རེན་ཕྱོགས་ལ“འཕྲལ་དུ་མཁོ་བའི་དམག་དོན་སྟོབས་ཤུགས”ཚུད་ཡོད་པ་རེད།
སྨྱན་སྦྱོར་མང་པོ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། དམག་དོན་རོགས་སྐྱོར་དེ་དག་ནང“ཧ་མ་སི”ཡི་སྐབས་བསྟུན་རང་བཞིན་མཐོ་བའི་མེ་ཤུགས་འཕུར་མདའི་མེ་སྒྱོགས་མ་ལག་དང་། ཧའོ་སྨི་155དང་ཧའོ་སྨི་105ཡི་སྒྱོགས་མདེལ། ཐན་ཁེ་ལ་རྒོལ་ལན་སྤྲོད་པའི“འཕེན་མདུང”མ་ལག ཐན་ཁེ་ལ་རྒོལ་ལན་སྤྲོད་པའི་AT-4མ་ལག ཐན་ཁེ་ལ་རྒོལ་ལན་སྤྲོད་པའི་ས་འོག་འབར་མདེལ་དང་གནད་འཕིགས་སྣེ་ཁྲིད་མཁའ་འགྲུལ་རྫས་མདེལ་སོགས་ཚུད་ཡོད། ཟླ་འདིའི་ཚེས་10ཉིན་ཨུ་རུ་སུའི་དམག་དཔུང་ཧའར་ཁོའོ་ཧྥུའུ་འཐབ་ཕྱོགས་ཀྱི་ས་གནས་མང་པོར་འཛུལ་ནས་གྲོང་ཚོ་མང་པོར་ཚོད་འཛིན་བྱས་པ་དང་།མིག་སྔར་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཝོ་ཧྥུའུ་ཁྲང་སི་ཁེ་གྲོང་རྡལ་དང་ལི་ཕུའུ་ཆི་གྲོང་ཚོ་སོགས་འཐབ་ཇུས་ཀྱི་གལ་ཆེའི་ས་གནས་སུ་དམག་འཐབ་བྱེད་བཞིན་ཡོད། ཧྥ་རན་སེའི་གསར་འགྱུར་ཁང་གི་ཤོད་སྟངས་ལ་གཞིགས་ན། དེ་ནི་ཉེ་བའི་ལོ་གཅིག་ལྷག་ཙམ་རིང་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ཁྲོད་དུ་ཨུ་རུ་སུའི་དམག་དཔུང་ལ་ཐོབ་ཆེ་བའི་གྲུབ་འབྲས་ཤིག་ཡིན་པ་རེད། ཚེས་24ཉིན་ཡུག་རེན་གྱི་སྲིད་འཛིན་ཕུའུ་ལ་ཅི་མིའར་·ཙེ་ལན་སི་ཅི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཨ་རི་ཕྱོགས་ཀྱིས་རོགས་སྐྱོར་གསར་པ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་།དེ་ཉིན་ཁོང་གིས“ཧའར་ཁོའོ་ཧྥུའུ་རུ་ཡུག་རེན་ཕྱོགས་ཀྱི་དམག་མིའི་དམག་ཤུགས་ལ་ཤུགས་སྣོན་རྒྱག་རྒྱུའི་གལ་ཆེའི་རང་བཞིན་མཐོང་བྱུང”ཞེས་བཤད་པ་རེད། ཙེ་ལན་སི་ཅི་ཡིས་དུས་མཚུངས་སུ་ཨ་རི་དང་དེ་བཞིན་མནའ་གྲོགས་ཀྱིས་ཡུག་རེན་ཕྱོགས་ལ“རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་ཐད”མུ་མཐུད་རེ་འབོད་བྱས་པ་རེད།
ཨ་རིའི་སྲིད་འཛིན་ཡུའེ་སེ་ཧྥུའུ·པའེ་ཏེང་གིས་ཟླ་4ཚེས་24ཉིན་ཡུག་རེན་ལ་ཨ་སྒོར་དུང་ཕྱུར་610ཙམ་གྱི་དམག་དོན་དང་དཔལ་འབྱོར་རོགས་སྐྱོར་བྱ་རྒྱུ་ཚུད་པའི་ཁྲིམས་གཞི་རབ་དང་རིམ་པ་ལ་མིང་རྟགས་བཀོད་པ་དང་འབྲེལ་སྲིད་འཛིན་གྱི་དབང་ཆ་སྤྱད་དེ་རིན་ཐང་ཨ་སྒོར་དུང་ཕྱུར་10རི་བའི་ཡུག་རེན་ལ་རོགས་སྐྱོར་བྱེད་པའི་མཚོན་ཆ་ཁག་གཅིག་ལ་ཆོག་མཆན་སྤྲད་པ་རེད། དེ་རྗེས་ཟུར་ལྔའི་ཁང་ཆེན་གྱིས་རིན་ཐང་ཨ་སྒོར་དུང་ཕྱུར་60ཟིན་པའི་དམག་དོན་རོགས་སྐྱོར་འཕར་མ་ཞིག་ཡུག་རེན་ལ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་།དེའི་ནང“རྒྱལ་གཅེས་པའི”མཁའ་ཟོན་མ་ལག་དང་འཚམ་པའི་འཕུར་མདེལ་ཚུད་ཡོད་པ་རེད། འོན་ཀྱང་ཨུ་རུ་སུའི་སྲིད་འཛིན་གསར་འགྱུར་དྲུང་ཡིག་ཏེ་སྨི་ཐི་ལི·ཕེ་སི་ཁོའོ་ཧྥུའུ་ཡིས་ཨ་རིས་རེས་སྐོར་གསར་པའི་ཐོག་ནས་ཡུག་རེན་ལ་རོགས་སྐྱོར་བྱས་པ་དེས་དམག་འཐབ་ཀྱི་དུས་བབ་ལ་འགྱུར་ལྡོག་འགྲོ་མི་སྲིད་ཅེས་ལན་བཏབ། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གི་གྲངས་གཞིར་གཞིགས་ན། ཡུག་རེན་གྱི་ཉམས་ཉེན་འདི་ཉིད་2022ལོའི་ཟླ་2པར་ཆེ་རུ་ཕྱིན་རྗེས་ཨ་རིས་ད་བར་ཡུག་རེན་ལ་རིན་ཐང་ཨ་སྒོར་དུང་ཕྱུར་510ཙམ་ཟིན་པའི་དམག་དོན་རོགས་སྐྱོར་བྱས་ཡོད། ཟླ་འདིའི་ཚེས་24ཉིན་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེར་འཚམས་འདྲི་གནང་བའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ལ་ཅི་མིའར·ཕུའུ་ཅིང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཨུ་རུ་སུ་ཕྱོགས་ཀྱིས་མིག་སྔའི་དོན་དངོས་ཀྱི་རྨང་གཞིའི་ཐོག་ཡུག་རེན་དང་གྲོས་མོལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད། ཕུའུ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱིས་གྲོས་མོལ་གྱི་འཕེལ་རིམ་དོར་མྱོང་མེད། འདི་ནི་ཡུག་རེན་ཕྱོགས་ཀྱིས་གྲོས་མོལ་མཚམས་འཇོག་བྱས་པ་ཞིག་རེད་ཅེས་བཤད། (ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་གསར་འགྱུར)(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社