(པར་ངོས་དང་པོར་མཐུད)ཉིན་དེའི་ཤིང་འཛུགས་སའི་ས་ཚིགས་ཚང་མ་ས་བབ་མཐོ་ཚད་སྨི་3900ཡས་མས་ཀྱི་རི་ངོས་སུ་ཡོད་ཅིང་། རི་ངོས་གཟར་པོ་ཡིན་པས་འདེབས་འཛུགས་ཀྱི་ལས་དོན་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད། ཤིང་སོན་དབོར་ཡོང་བ་དང་བསྟུན་ནས་རི་ངོས་སུ་ཤིང་སོན་འདེབས་འཛུགས་བྱེད་མཁན་ཚོས་བྱང་ཆ་ལྡན་པའི་སྒོ་ནས་ཤིང་སོན་འདེབས་འཛུགས་དང་། ས་དོང་རྒྱོང་བ། ཆུ་རྒྱག་པ་སོགས་ཀྱི་ལས་ལ་གཞོལ་བཞིན་ཡོད་པ་དང་། བྲེལ་བྲེལ་འཚུབ་འཚུབ་ངང་ལས་ཀ་བྱས་པ་བརྒྱུད། གསར་དུ་འདེབས་འཛུགས་བྱས་པའི་ཤིང་སོན་རྣམས་ལྷ་སའི་དཔྱིད་དུས་ཀྱི་ཉི་འོད་འོག་གོ་རིམ་ལྡན་ཞིང་འགྱིང་ངེར་ལངས་ནས་དགོན་སྡེ་སྔོ་ལྗང་ཅན་དུ་བསྒྱུར་བར་སྐྱེ་སྟོབས་གསར་པ་ཞིག་བསྣན་ཡོད་ལ། ལྷ་སའི་དཔྱིད་དུས་ལ་སྔོ་ལྗང་གསར་པ་ཞིག་ཀྱང་བསྣན་ཡོད།
ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་སྟག་རྩེ་ཆུས་གསང་སྔགས་དགོན་ཁུལ་གྱི་འགན་འཁུར་བ་དར་རྒྱས་ཀྱིས་ང་ཚོའི་ས་ཁུལ་འདིའི་རྒྱ་ཁྱོན་ལ་མུའུ་300ལྷག་ཙམ་ཡོད་པ་དང་། ཤིང་རིགས་ཐད་སྣུམ་གསོམ་དང་། སྟར་སྡོང་། ཁམ་སྡོང་སོགས་ཁྱོན་ཤིང་སོན་5000ལྷག་ཙམ་ཡོད། རི་ངོས་གཟར་པོ་ཡིན་པས་ཤིང་སོན་དབོར་བར་དཀའ་ངལ་ཆེན་པོ་འདུག ད་ཆ་ང་ཚོས་མི་ཐབས་ལ་བརྟེན་ནས་ཤིང་སོན་དབོར་གྱིན་ཡོད། ཉིན་ལྔའི་ནང་ཤིང་སོན་ཚང་མ་འདེབས་འཛུགས་ཚར་རྒྱུ་དང་། དེ་ནས་དོ་དམ་དང་སྲུང་སྐྱོང་གི་དུས་ལ་སླེབས་པ་བྱ་རྒྱུ་ཡིན་ཞེས་བཤད།
དེའི་རྗེས་སུ། གསར་འགོད་པ་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་སྟག་རྩེ་ཆུས་དར་རྒྱས་ཁུལ་དང་པོར་བསྐྱོད་སྐབས། ད་ལོ་འདེབས་འཛུགས་བྱས་མ་ཐག་པའི་སྣུམ་གསོམ་དང་ཁམ་སྡོང་སོགས་སྐྱེ་འཚར་ལེགས་པ་དང་། དེ་སྔའི་སྐྱ་ཐེལ་ཐེལ་གྱི་རི་ངོས་དེ་ད་ཆ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་སྔོ་ལྗང་གི་རྣམ་པ་ཞིག་ཏུ་གྱུར་ཡོད་པ་མཐོང་བྱུང་།
སི་ཁྲོན་དཀར་མཛེས་ནས་ཡོང་བའི་རྟ་དྲེལ་རུ་ཁག་གིས་ལྗིད་ཚད་ལ་རྒྱ་མ་སུམ་ཅུ་ནས་བཞི་བཅུ་ཙམ་ཡོད་པའི་ཤིང་སོན་རེ་རེ་བཞིན་རི་ངོས་སུ་དབོར་བཞིན་ཡོད་པ་དང་། ཤིང་སོན་དབོར་ནས་རི་སྐེད་དུ་སླེབས་རྗེས། བསོད་ནམས་རྡོ་རྗེས་ལས་རོགས་ཚོ་དང་མཉམ་དུ་ཤིང་སོན་ས་ལ་ཕབ་ནས་དྲུས་ཟིན་པའི་ས་དོང་ནང་ཤིང་སོན་འདེབས་འཛུགས་བྱས་པ་དང་། མ་གཞི་ནས་ལས་ཀ་དེ་ལས་སླ་པོ་ཞིག་གཏན་ནས་མིན་ནའང་སྒོ་འགྲམ་དུ་ལས་ཞུགས་ཐུབ་ནས་ལྗང་མདོག་ལྷ་ས་འཛུགས་སྐྲུན་ཐད་ནུས་པ་འདོན་རྒྱུ་བྱུང་བས། བསོད་ནམས་རྡོ་རྗེའི་སེམས་ནང་དགའ་སྣང་གིས་ཁེངས་ཡོད།
སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོའི་ཡུལ་མི་བསོད་ནམས་རྡོ་རྗེས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དེ་ཧ་ཅང་ཡག་པོ་སྤེལ་འདུག ང་ཚོ་དེ་གར་ལས་ཀ་རག་པར་མ་ཟད། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལ་ཡང་འཐུས་ཤོར་འགྲོ་གི་མིན་འདུག འབྱུང་འགྱུར་ས་ཆ་འདི་ཉིད་སྔོ་ལྗང་ཅན་ཞིག་ཏུ་འགྱུར་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ལ། ལས་ཀ་འདི་ང་ཚོའི་ངོས་ནས་བརྗོད་ན་ཡང་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བཤད།
དར་རྒྱས་ཁུལ་དང་པོའི་ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་ལ་ཁྱོན་མུའུ་3930ཡོད་པ་དང་། ཧྥུ་མའོ་ཅིའུ་ཡིས་ཁུལ་དེའི་ལྟ་སྐུལ་དོ་དམ་ལས་དོན་གྱི་འགན་ཁུར་གྱི་ཡོད་པ་རེད། ལྟ་སྐུལ་དོ་དམ་ནི་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ལ་འགན་ལེན་བྱེད་པའི་ལས་གནས་གལ་ཆེན་ཞིག་ཡིན་པ་དང་། ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། ཁོང་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་པོར་བསྒྲུབས་ནས་སྤུས་ཚད་ལ་དོ་དམ་དང་ཚོད་འཛིན་ཡག་པོ་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་བློ་རྩེ་གཅིག་སྒྲིམ་གྱིས་འགན་འཁྲི་སྒྲུབ་པ་དང་། ནགས་བཟོའི་ལྟ་སྐུལ་དོ་དམ་གྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་རེད།
ཧྥུ་མའོ་ཅིའུ་ཡིས་ཤིང་སོན་ཐད་ང་ཚོས་འབྲེལ་ཡོད་བླང་བྱ་གཞིར་བཟུང་འཐེན་བཤེར་ནན་པོ་བྱེད་ཀྱིན་ཡོད་ལ། བླང་བྱ་དང་མཐུན་ཚེ་གཞི་ནས་འདེབས་འཛུགས་བྱེད་མཁན་གྱིས་རི་ངོས་སུ་འདེབས་འཛུགས་བྱེད་ཆོག་པ་དང་། ང་ཚོས་ཨར་ལས་བྱེད་མཁན་ལ་སྤུས་ཚད་དང་གྲངས་ཚད་ཐད་འགན་ལེན་བྱས་ནས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་འདེབས་འཛུགས་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་ནན་པོ་འདོན་གྱི་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་སྟག་རྩེ་ཆུས་ཀྱི་དུས་ཐེངས་དང་པོའི་ནགས་བཟོའི་ལས་འགན་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་1500ལྷག་ཙམ་ཡོད་པ་དང་། ཤིང་སྣ་ཁྲི་240ཡོད་པ་རེད། རྣམ་གྲངས་དེ་གཙོ་བོ་ནི་ས་བབ་མཐོ་ཚད་སྨི་3900མན་གྱི་ས་ཁོངས་སུ་རྒྱུན་ལྗང་ལྗོན་ཤིང་གི་ནགས་ཚལ་བསྐྲུན་རྒྱུ་དང་། ས་བབ་མཐོ་ཚད་སྨི་3900ནས་སྨི་4100བར་གྱི་ས་ཁོངས་སུ་ལྗོན་ཤིང་ཐུང་ངུའི་ནགས་ཚལ་བསྐྲུན་རྒྱུ་གཙོ་བོར་བྱེད་པ་ཞིག་རེད། མིག་སྔའི་བར། སྟག་རྩེ་ཆུས་ཀྱི་དུས་ཐེངས་དང་པོའི་ནགས་བཟོའི་ལས་འགན་ཁྲོད་ཀྱི་ཞིང་ནང་དུ་ཆུ་འདྲེན་པ་དང་། གློག་ཤུགས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་བརྒྱ་ཆ་86ལེགས་གྲུབ་ཟིན་པ་དང་། ཤིང་སོན་རིགས་འདེབས་འཛུགས་བྱེད་ཚད་ཁྲི་48ལྷག་ཙམ་ཟིན་ཡོད་པ་རེད།
སྟག་རྩེ་སྐྱེ་ཚལ་སྔོ་འགྱུར་ཚད་ཡོད་ཀུང་སིའི་ཀྲེ་པུའུ་ཧྲུའུ་ཅི་དང་སྤྱི་གཉེར་བ་ཞེའུ་ཆིང་ཧྭ་ཡིས་ཕྱིས་འབྱུང་ང་ཚོས་མུ་མཐུད་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། སྔོ་ལྗང་འཕེལ་བ་ནི་ལེགས་ཆ་འཕེལ་བ་དང་། སྔོ་ལྗང་འདེབས་འཛུགས་བྱ་རྒྱུ་ནི་འབྱུང་འགྱུར་འདེབས་འཛུགས་བྱ་རྒྱུ་ཡིན་ཞེས་པའི་ཚན་རིག་དང་མཐུན་པའི་འདུ་ཤེས་རྒྱུན་འཛིན་བྱས་ཏེ། ཨར་ལས་སྒྲིག་འཛུགས་ཞིབ་ཚགས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས། དོ་དམ་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་ཡིན། སྟག་རྩེ་ཆུས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་དེ་ང་ཚོས་ཟླ་5ཚེས་30ཉིན་གྱི་གོང་དུ་འདེབས་འཛུགས་ཀྱི་ལས་འགན་ཚང་མ་ལེགས་འགྲུབ་བྱ་རྩིས་ཡོད།མིག་སྔར། སྟག་རྩེ་ཆུས་ཀྱི་ངལ་རྩོལ་ནུས་ཤུགས་དང་འཕྲུལ་ཆས་ཚང་མ་ས་གནས་དེ་གའི་ཞིང་འབྲོག་པ་ཡིན་པ་དང་། མིག་སྔའི་བར། ལས་མི་མི་ཐེངས་ཁྲི་6ལྷག་ཙམ་འདེབས་འཛུགས་ཀྱི་ལས་ཀའི་ནང་ཞུགས་པ་དང་། ཞིང་འབྲོག་པའི་ཡོང་འབབ་སྒོར་ཁྲི་1400ལྷག་ཙམ་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད་ཅེས་བཤད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社