分享按钮

ལྷ་ས་གོང་དཀར་གནམ་ཐང་གིས་2023ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ གྲངས་ཁྲི་547.1ཟིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།2023ལོའི་ཟླ་12ཚེས་31ཉིན།ཤང་ཀང་ནས་འཕུར་བའི་དུས་གཏན་གནམ་གྲུ་མཐའ་མ་དེ་ལྷ་ས་གོང་དཀར་གནམ་ཐང་དུ་འབྱོར་བ་དང་བསྟུན་ནས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་2023ལོར་གནམ་གྲུ་འཕུར་བབས་ཐེངས་ཁྲི་6.07དང་ལོའི་འགྲུལ་པ་སྐྱེལ་འདྲེན་གྱི་གཏན་འཁེལ་བྱེད་ཚད་མི་ཐེངས་ཁྲི་689.7ཟིན་པ་དེ་2022ལོ་དང་བསྡུར་ན་བརྒྱ་ཆ་63.2དང་བརྒྱ་ཆ་106.1ཁག་སོ་སོར་འཕར་ནས་གྲངས་གཞི་དེ་གཉིས་ལས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།དེའི་ནང་ལྷ་ས་གོང་དཀར་གནམ་ཐང་གིས་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་500ལས་ཐོག་མར་བརྒལ་ནས་མི་ཐེངས་ཁྲི་547.1ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་111.8འཕར་བ་དང་།དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་སྐྱེལ་འདྲེན་ཐོན་སྐྱེད་བདེ་འཇགས་དང་།བརྟན་པོ།གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སླར་གསོ་ཐུབ་སྟེ་འཕེལ་རྒྱས་ཀྱི་རྣམ་པ་ཤུགས་ཆེན་མངོན་པ་དང་ལོ་རྒྱུས་ཀྱི་ཟིན་ཐོ་རྒྱུན་ཆད་མེད་པར་བཏོད་པ་རེད།

2023ལོར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་གོ་སྐབས་གསར་པར་སྟངས་འཛིན་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་བྱས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།འཕུར་སྐྱོད་བདེ་འཇགས་ལྟེ་གནས་ཀྱི་ལས་དོན་ལ་དམ་པོར་དམིགས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་འཁོར་སྐྱོད་འགག་གནད་ལ་དམ་འཛིན་གྱིས་ཞབས་ཞུའི་སྤུས་ཚད་རང་འགུལ་ངང་མཐོ་རུ་བཏང་སྟེ་འགྲུལ་པར་བདེ་འཇགས་དང་སྟབས་བདེའི་མཁའ་ལམ་གྱི་བགྲོད་ལམ་བཏོད་ཡོད།དེ་དང་ཆབས་ཅིག་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ཐོན་སྐྱེད་སླར་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཁྲོམ་ར་སླར་གསོའི་གོ་སྐབས་དམ་བཟུང་གིས་རང་འགུལ་ངང་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ་དང་།ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན།བོད་ཀྱི་འགྲེམས་ཚོགས་སོགས་ཀྱི་བྱེད་སྒོ་ལ་གཞོགས་འདེགས་བྱས་ཏེ་འགྲུལ་པ་དེ་བས་མང་བ་བོད་དུ་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་།མཁའ་འགྲུལ་ཀུང་སི་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་བོད་ནས་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུའི་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ།མཁའ་ལམ་གསར་པ་ཁག་གཅིག་སླར་གསོ་དང་གསར་དུ་ཤར་གཏོང་ཐུབ་པ།ལོ་ཧྲིལ་པོར་མཁའ་ལམ་གསར་པ་14བཏོད་པ།མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་4མང་དུ་བཏང་བ།ཀྲུང་གོ་དང་ཕྱི་རྒྱལ་གྱིས་མ་རྩ་མཉམ་འཇོག་གི་ཧེ་མ་ལ་ཡའི་མཁའ་འགྲུལ་ནང་འདྲེན་བྱས་པ་རེད།མིག་སྔའི་བར།མཁའ་ལམ་169དང།མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་74 མཁའ་འགྲུལ་སི་12བཅས་ཡོད་པ་དང་།མཁའ་འགྲུལ་དྲ་རྒྱའི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།ཕྱི་ཕྱོགས་སུ་ཤར་གཏོང་ཐུབ་པའི་ནུས་པ་ཆེ་རུ་ཕྱིན་ནས་འགྲུལ་པ་བོད་ནས་འགྲོ་འོང་གི་མཁའ་འགྲུལ་དགོས་མཁོ་སྔར་བས་བསྐངས་ཡོད།

2023ལོའི་ཟླ་12ཚེས་26ཉིན་ལྷ་ས་གོང་དཀར་གནམ་ཐང་གི་གསར་དུ་བསྐྲུན་པའི་རྒྱུག་ལམ་གཉིས་པ་སྤྱོད་འགོ་ཚུགས་པ་དང་།ཟླ་12ཚེས་27ཉིན།ལྗོངས་ནང་ཁུལ་གྱི་ཡན་ལག་གནམ་གྲུའི་འབབ་ཐང་8པ་ཤར་གཏོང་ཐུབ་པ།ཟླ་12ཚེས་28ཉིན།ལྷ་ས་གོང་དཀར་གནམ་ཐང་རྒྱལ་སྤྱིའི་གནམ་ཐང་འབབ་ཚུགས་ཀྱིས་ལྷ་ས་ནས་ཀ་ཏ་མན་རྡུ་བར་གྱི་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་འཁོར་སྐྱོད་བྱས་པ་དང་འབྲེལ་སླར་གསོ་བྱས་པ་རེད།བྱ་ཐབས་དེ་དག་གིས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་ཕྱོགས་བསྡུས་སྐྱེལ་འདྲེན་འགན་ལེན་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་མཁའ་འགྲུལ་ལས་སྒོ་འཕར་རྒྱུའི་འདུན་པ་བསྒྲུབས་ཡོད།ས་ཁོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྱོང་སྔར་བས་འཐུས་ཚང་དུ་བཏང་ནས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུའི་འདུན་པ་བསྒྲུབས་པ།མཁའ་འགྲུལ་འགག་སྒོའི་ནུས་པ་སྔར་བས་འཐུས་ཚང་དུ་བཏང་བ་དང་བོད་ཀྱི་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ཡོད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-04 6 6 拉萨日报藏文 c173254.html 1 ལྷ་ས་གོང་དཀར་གནམ་ཐང་གིས་2023ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ གྲངས་ཁྲི་547.1ཟིན་པ། /enpproperty-->