04

ཡེ་ཤེས་ཀྱིས་ཀུང་ཧྲེའི་རུ་དཔོན་ནས་དུས་རབས་ཀྱི་རྒྱུན་འཛིན་པའི་བར་ཐོག་མའི་བསམ་འདུན་མ་བརྗེད་པར་གཅིག་རྒྱུན་གཅིག་འཛིན་བྱས་པ། 2026年03月27日

(པར་ངོས་དང་པོར་མཐུད)དེ་བཞིན་དུད་ཚང་ཚང་མའི་ཁང་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་བཅས་ལས་དེ་གའི་འཕེལ་རྒྱས་དང་འཕོ་འགྱུར་མཚོན་བཞིན་མཆིས།

མཐོང་དགའ་སྡེ་ཁུལ་གྱི་ལས་དོན་པའི་སྣེ་ཁྲིད་འོག་གསར་འགོད་པ་བགྲེས་སོང་ཡེ་ཤེས་ཀྱི་ཁྱིམ་དུ་སླེབས་ཤིང་། རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཐོག་སོ་གཉིས་ལྡན་གྱི་གྲོང་མིའི་སྡོད་ཁང་ནང་མེ་ཏོག་གི་དྲི་བསུང་ཕྱོགས་བཞིར་འཐུལ་བ་དང་སྒྲིག་ཆས་གྲལ་འགྲིག་པོ་ཡོད། གསར་འགོད་པ་དང་བཅས་པ་མཐོང་སྐབས། བགྲེས་སོང་ཡེ་ཤེས་དང་བཟའ་ཟླ་དབྱངས་ཅན་སྒྲོལ་དཀར་གྱིས་དགའ་སྤྲོའི་ངང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་ལོ་ཟླའི་འཕོ་འགྱུར་གླེང་ཞིང་། བགྲེས་སོང་གིས་ང་ཚོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་མཐོང་དགའ་ལ་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་བསྐྱར་དུ་བགོ་བཤའ་བརྒྱབ་པས་ང་ཚོ་ས་ཞིང་གི་བདག་པོར་གྱུར། 1962ལོར་མཐོང་དགའ་གྲོང་ཚོའི་ཞབས་རྗེས་ཚོགས་ཆུང་གི་ཞིང་དུད་13གྱིས་རང་མོས་ངང་ཞིང་ལས་ཐོན་སྐྱེད་རོགས་རེས་ཚོགས་ཆུང་བཙུགས་ནས་རང་མོས་གཉིས་ཕན་གྱི་རྨང་གཞིའི་ཐོག་ཐུན་མོང་ངལ་རྩོལ་དང་ཁ་ཐོར་གཉེར་སྐྱོང་བྱས། 1965ལོར་བོད་ཀྱི་མི་དམངས་ཀུང་ཧྲེ་དང་པོ་སྟེ་མཐོང་དགའ་མི་དམངས་ཀུང་ཧྲེ་བཙུགས་པ་དང་ཡུལ་མི་ཚོས་མཉམ་སྡེབ་ཅན་གྱི་ཐོན་སྐྱེད་འཚོལ་ཞིབ་ཀྱི་ལམ་བུ་བཏོད་ཡོད། ཀུང་ཧྲེ་བཙུགས་པ་དེས་སྲོལ་རྒྱུན་གྱི་ཁ་ཐོར་ཐོན་སྐྱེད་བྱེད་སྟངས་ལ་རྦད་དེ་འགྱུར་ལྡོག་བྱུང་ནས་ས་མཐོའི་ཤང་དང་གྲོང་ཚོ་མཉམ་སྡེབ་ཅན་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་དུས་མཚམས་གསར་པར་ཐོག་མར་སླེབས་ཡོད་ཅེས་གསུངས་བྱུང་།

བགྲེས་སོང་ཡེ་ཤེས་ཀྱིས་སེམས་འགུལ་ཐེབས་པའི་ངང་ང་ཚོའི་ཁྱིམ་གྱི་ངོས་ནས་བརྗོད་ན། མི་ཚེ་གཅིག་ས་གཞི་དེའི་ཐོག་འཚོ་བ་སྐྱེལ་གྱི་ཡོད།ཁྱིམ་དུ་ནང་མི་6ཡོད་ཅིང་། དེ་སྔ་དབུལ་ཕོངས་ནས་ད་ཆའི་བར་ཏང་གི་སྲིད་ཇུས་བཟང་པོའི་འོག་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་མེད་པ་དང་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད། ངས་རྒྱུན་དུ་བུ་ཕྲུག་ལ་ཏང་གི་བཀའ་དྲིན་ཚོར་བ་དང་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་གཏོང་གི་ཡོད། ད་ལྟ་ང་ཚོ་བུ་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་ཅིང་། བུས་ཡུལ་སྐོར་རླངས་འཁོར་བཏང་ནས་ཁྱིམ་གྱི་མཁོ་ཆས་བསྒྲུབས་པ་དང་མནའ་མས་ཁྱིམ་ལས་བྱེད་ཀྱི་ཡོད།ད་ཆ་གཟུགས་གཞི་བདེ་པོ་མ་བྱུང་ཚེ་སེམས་ཁྲལ་བྱེད་དགོས་མེད། རྒྱུ་མཚན་ནི་སྨན་བཅོས་ཆ་རྐྱེན་ཡག་ལ་ཁྱིམ་མཚེས་བར་གྱི་འབྲེལ་བ་ཡང་ཡག་པོ་ཡོད་པས་ཡིན་ཞེས་བཤད།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་སྔ་ནུབ་ཏུ་བགྲེས་སོང་ཡེ་ཤེས་མཐོང་དགའ་སྡེ་ཁུལ་གྱི་གྲོང་ཚོའི་ལོ་རྒྱུས་ཁང་དུ་ཕེབས་ནས་བོད་གསར་རྙིང་བསྡུར་བའི་ལོ་རྒྱུས་ཀྱི་པར་རིས་མདུན་དུ་ངག་ཐོག་གི་ལོ་རྒྱུས་འབྲེལ་ཐག་ཏུ་བྱས་ཏེ་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་དཀའ་སྡུག་གི་ཁྲོད་ནས་ཏང་གི་བཀའ་དྲིན་དང་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད།ཁོང་གིས་འཕོ་འགྱུར་གྱི་གཏམ་རྒྱུད་གླེང་རིམ་བཞིན་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་ཙམ་མ་ཟད། བསམ་བློར་བློ་སྦྱོང་གཏིང་ཟབ་བྱས་པ་ཞིག་ཀྱང་རེད།

ས་ཕག་གི་ཁང་པ་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་གྲོང་མིའི་ཐོག་བརྩེགས་ཁང་ཆེན་བར་དང་། འདམ་རྫབ་ལམ་ཆུང་ནས་ཁོད་སྙོམས་པའི་སྣུམ་ནག་ལམ་བར། ད་ཆའི་མཐོང་དགའ་སྡེ་ཁུལ་དུ་གསར་བརྗེའི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་དང་། གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ།མཉམ་སྡེབ་དཔལ་འབྱོར་ཟབ་གཏོང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དེ་བས་དཔའ་ངར་ཆེར་སྐྱེད་ཀྱིས་བོད་ཀྱི་གཞི་རིམ་འཕེལ་རྒྱས་ཀྱི་རྒྱུགས་ལན་གསར་པ་འབྲི་བཞིན་ཡོད།

སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་མཐོང་དགའ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་རྐང་བཙུགས་ཚེ་རིང་གིས་1959ལོའི་སྐྱ་རེངས་ཐོག་མར་ཤར་བ་ནས་ཀུང་ཧྲེ་འཛུགས་སྐྲུན་གྱི་ཚ་ཚ་འུར་འུར་བྱེད་པའི་བར་དང་། དེ་ནས་ད་ཆའི་མཐོང་དགའ་སྡེ་ཁུལ་དར་རྒྱས་གོང་འཕེལ་བྱུང་བའི་བར། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག མཐོང་དགའ་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། གྲོང་ཚོའི་མཉམ་སྡེབ། མཉམ་ལས་ཁང་བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་2025ལོར་ཐོན་ལས་ཀྱི་ལོའི་ཡོང་འབབ་སྒོར་ཁྲི་3600ལས་བརྒལ་ནས་ལོ་12བསྟུད་མར་མང་ཚོགས་ལ་བགོ་འགྲེམས་བརྒྱབ་པ་དང་མི་རེར་ལོ་རེར་བགོ་འགྲེམས་སྒོར་ཁྲི་1ཟིན་ནས་དེ་སྔའི་གྲོང་ཚོ་ཆུང་ངུ་ནས་སྡོད་མལ་ལ་འཚམ་པའི་བདེ་སྐྱིད་སྡེ་ཁུལ་དུ་གྱུར་ཡོད་ཅེས་བཤད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)