03

ཚེ་གཡང་གིས་གླུ་གར་ལ་བརྟེན་ནས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱིས་ཐོག་མའི་བསམ་འདུན་མཚོན་པར་བྱས་པ། 2026年03月27日

ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་བརྒྱད་གཅིག་སྡེ་ཁུལ་དུ་ལོ་བདུན་ཅུ་ལྷག་ཙམ་ལ་སོན་པའི་བགྲེས་སོང་ཚེ་གཡང་ཞུ་བ་ཞིག་ཡོད་ཅིང་། ཁོང་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དངོས་སུ་བརྒྱུད་མྱོང་མཁན་དང་ལྷ་སའི་སྟོད་གཞས་ཀྱི་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཡིན་ལ། ཚེ་གང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་དགའ་ཞེན་དང་ཏང་གི་བཀའ་དྲིན་ཚོར་བའི་གཞི་རིམ་གྱི་རིག་རྩལ་སྔོན་སྐྱོད་པ་ཞིག་དེ་བས་ཀྱང་ཡིན། ཁོང་ནི་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་བརྟན་སྲུང་དང་ལས་འཁྱུར་ངལ་གསོ་བརྒྱབ་ཀྱང་སྙིང་སྟོབས་མི་ཉམས་པའི་རིག་རྩལ་ལས་དོན་པ་རྒན་གྲས་ཤིག་ཡིན་པ་དང་། ཁོང་གིས་གར་སྟབས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་འཕོ་འགྱུར་ཆེན་པོ་དང་ལྷག་བསམ་རྣམ་དག་གི་སྒོ་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མཚོན་པར་བྱས་ཡོད།

བརྒྱད་གཅིག་སྡེ་ཁུལ་དུ་སྡེ་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་གིས་ནང་སྦྱོང་བྱེད་རིམ་བཞིན་བགྲེས་སོང་ཞིག་གིས་ཞབས་བྲོ་འཁྲབ་སྟངས་བསླབ་ཀྱི་ཡོད། ཁོང་ནི་ད་ལོ་དགུང་ལོ78ལ་སོན་པའི་བོད་ཀྱི་སྟོད་གཞས་ཞབས་བྲོའི་རྒྱུན་འཛིན་པ་ཚེ་གཡང་རེད། ཚེ་གཡང་གི་མི་ཚེའི་བཤུལ་ལམ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ནས་བདག་པོར་གྱུར་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

ཚེ་གཡང་གི་ཕ་མ་གཉིས་ཀྱིས་གཞིས་རྩེའི་རིག་རྩལ་ཚོགས་པར་དགེ་རྒན་བྱས་ནས་བོད་ཀྱི་དམངས་ཁྲོད་གླུ་གར་གྱི་སློབ་མ་མང་པོ་གསོ་སྐྱོང་བྱས་ཡོད། གཞི་རིམ་ནས་ཐོན་པའི་སྒྱུ་རྩལ་མཁས་ཅན་དེ་དག་གིས་སྒྱུ་རྩལ་ལ་བརྟེན་ནས་གངས་ལྗོངས་ས་མཐོར་ཉིན་བཞིན་འགྱུར་ལྡོག་འགྲོ་བའི་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་དང་དེ་བཞིན་མི་རིགས་ཁག་གི་མི་དམངས་ཀྱི་བློ་ཁ་གཅིག་མཐུན་གྱིས་ཏང་ལ་ཕྱོགས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད། ཚེ་གཡང་གིས་གླུ་གཞས་མཁས་ཅན་ཚེ་བརྟན་སྒྲོལ་མ་ནི་ངའི་ཨ་མའི་སློབ་མ་ཡིན་པ་དང་། ཨ་མས་སློབ་གསོའི་ཁྱབ་ཁོངས་ནང་དཀའ་སྤྱད་འབད་བརྩོན་བྱས་ནས་ཕུལ་བྱུང་གི་ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་བྱས་ཡོད། ཏང་གི་འགོ་ཁྲིད་འོག་ང་ཚོའི་ཁྱིམ་ལའང་རྩ་ཆེའི་ལས་ཞུགས་ཀྱི་གོ་སྐབས་ཐོབ་པ་དང་ད་དུང་ཕ་མ་གཉིས་པེ་ཅིང་དུ་ལྟ་སྐོར་སྤེལ་རེས་དང་། སློབ་ཁྲིད། མཛུབ་ཁྲིད་བཅས་བྱེད་པར་བསྐྱོད་མྱོང་ཡོད། ད་ཆ་ང་ཚོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད་ཅེས་བཤད།

བོད་ཀྱི་སྟོད་གཞས་ཞབས་བྲོའི་རྒྱུན་འཛིན་པ་ཞིག་ཡིན་པའི་ཚེ་གཡང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ཏེ་བརྒྱད་གཅིག་སྡེ་ཁུལ་དུ་གཞི་ཚུཊ་པ་དང་སྡེ་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་འཛུགས་པར་སྣེ་ཁྲིད་བྱས་པ་དང་། རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ཉི་ཤུག་ལྷག་ཙམ་གྱི་འོས་འགན་ནང་སྦྱོང་དང་སྤྱི་ཕན་འཁྲབ་སྟོན་བྱེད་པར་སྣེ་ཁྲིད་བྱེད་ཀྱི་ཡོད།

བརྒྱད་གཅིག་སྡེ་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་གི་རུ་མི་ཚེ་བརྟན་སྒྲོལ་དཀར་གྱིས་ང་རུ་ཁག་ནང་ཞུགས་ནས་ལོ་14ཕྱིན་སོང་། ནང་སྦྱོང་གི་བར་སེང་དུ་རྒན་ཚེ་གཡང་ལགས་ཀྱིས་ང་ཚོར་བོད་རྙིང་པའི་དཀའ་སྡུག་གི་སྐོར་གསུང་གི་ཡོད། བསྡུར་བ་བྱས་ན་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན། ངས་བདེ་སྐྱིད་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་ངེས་ཡིན་ལ། ནང་མ་སྟོད་གཞས་འཁྲབ་ནས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་འབུལ་ངེས་ཡིན་ཞེས་གསུངས་པ་རེད།

ཚེ་གཡང་གིས་ཞབས་བྲོ་འབྲེལ་ཟམ་དུ་བྱེད་པ་དང་། སྒྱུ་རྩལ་ལ་བརྟེན་ནས་བརྩེ་སེམས་མཚོན་པར་བྱེད་ཀྱི་ཡོད། ཚེ་གང་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་རྒྱུན་འཛིན་བརྟན་སྲུང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོན་རྒན་གྲས་དང་རིག་རྩལ་ལས་དོན་པ་རྒན་གྲས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་བཅས་བྱས་ཏེ། གངས་ལྗོངས་ས་མཐོར་བོད་ཀྱི་ནང་མ་སྟོད་གཞས་འཁྲབ་པའི་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད་ལ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་གཞི་རིམ་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་པར་བྱས་ཡོད།

ཚེ་གཡང་གིས་ད་ཆ་ཁྱིམ་ཚང་ཚང་མར་རང་བྱུང་སོལ་རླངས་སྤྱོད་པ་དང་། གློག་ཆས་ཁྱབ་གདལ་གཏོང་བ། ས་ཕག་གི་ཁང་པ་ལོ་རྒྱུས་སུ་གྱུར་ནས་དེའི་ཚབ་ཏུ་ལྕགས་རྩིབས་ཨར་འདམ་ཁང་པ་ཡོད། དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད། སླད་ཕྱིན་ངས་རང་ནུས་གང་ལྕོཊ་ཀྱིས་བོད་ཀྱི་དམངས་ཁྲོད་གླུ་གར་ནང་མ་སྟོད་གཞས་རྒྱུན་འཛིན་བྱ་རྒྱུ་ཡིན་ཞེས་བཤད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)