03

རང་གྲོང་གི་འདུ་ཤེས་གསུམ་གྱི་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་ཐོག་མ་དགོན་སྡེར་སྤེལ་བ། 2026年03月27日

པར་འདི་ནི་སྨན་དོན་པས་དགེ་འདུན་པའི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་24ཉིན་གྱི་ཕྱི་དྲོ། 2026ལོའི་ལྷ་ས་གྲོང་ཁྱེར་གྱི་འདུ་ཤེས་གསུམ་གྱི་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན་དགོན་སྡེར་སྤེལ་བའི་བྱེད་སྒོ་ཐོག་མ་དེ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་མཉམ་དུ་གཙོ་གཉེར་བྱས་པ་དང་། གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་དང་། གྲོང་ཁྱེར་རིག་རྩལ་ལྷན་ཚོགས། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་མང་པོས་མཉམ་དུ་གཉེར་འགན་ཁུར་བ་ཞིག་རེད།

ཁ་བ་བབས་རྗེས་མཚུར་ཕུ་དགོན་དུ་ནམ་མཁའ་དྭངས་ཤིང་ཡུལ་ལྗོངས་ཡིད་དུ་འོང་བ་ཞིག་ཏུ་གྱུར། བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ་དང་དགེ་འདུན་པ་350མཉམ་དུ་འཛོམས་ནས་བྱེད་སྒོ་ཁག་ནང་ཧུར་ཐག་ཞུཊ་ཡོད།

བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་ཤིང་། གླུ་གཞས《སེ་འབྲུའི་མེ་ཏོག་བཞད་པ》དང་། འཁྲབ་ཚན་ཐུང་གྲས《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང》 དགོད་བྲོའི་གཏམ་གླེང《དམངས་ཡོངས་ཀྱི་བྱ་སྤྱོད》སོགས་དང་དེ་བཞིན་མཚུར་ཕུ་དགོན་གྱི་དགེ་འདུན་པས་དཀྲོལ་གཏོང་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལེ་ཚན《རྒྱའི་རོལ་དབྱངས་ལེའུ་བཅུ་དྲུག》སོགས་རིག་རྩལ་ལེ་ཚན་རྩེ་གྲ་བཅུ་ལྷག་ཙམ་རེས་མོས་ངང་འཁྲབ་སྟོན་བྱས་ཏེ་དགེ་འདུན་པ་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཚང་མར་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྣམ་རྒྱལ་དབང་གྲགས་ཀྱིས་ད་ཐེངས་ཀྱི་བྱེད་སྒོར་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡིག་གཟུགས་མཁས་ཅན་སྒྲིག་འཛུགས་བྱས་ནས་འདུ་ཤེས་གསུམ་གྱི་འབྲེལ་ཡོད་དྲིལ་བསྒྲགས་སྦྱར་ཡིག་ཁག་གཅིག་གསར་རྩོམ་བྱས་ཡོད། སླད་ཕྱིན་ང་ཚོས་སྤུས་ལེགས་སྒྲོག་འགྲེལ་ཞབས་ཞུ་དེ་བས་མང་བ་དགོན་སྡེར་མུ་མཐུད་སྤེལ་ནས་འབྲེལ་ཡོད་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད།

ཕྱིས་འབྱུང་རང་གྲོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་།འཐབ་ཕྱོགས་གཅིག་གྱུར་གྱི་དྲིལ་བསྒྲགས་ལས་དོན་གྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ། སྤྱི་འདོམས་འཆར་འགོད་དང་གནད་སྨིན་ཤུགས་འདོན་བྱེད་པ། ལས་ཀའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ་འདུ་ཤེས་གསུམ་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)