03

གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཟ་ཁང་གིས་ཟས་རིགས་འཕྲོ་བརླག་གཏོང་བ་གཏན་འགོག་བྱེད་པའི་ལས་སྒོ་གསོ་སྦྱོང་བྱས་པ། 2026年03月27日

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་གྲོང་གི་གྲོང་ཁྱེར་ཐད་གཏོགས་ཚན་པའི་ཟ་ཁང་གིས་ཟས་རིགས་འཕྲོ་བརླག་གཏོང་བ་གཏན་འགོག་བྱེད་པའི་ལས་དོན་གྱི་གྲུབ་འབྲས་བསྡོམས་རྩིས་བརྟག་དཔྱད་ལས་སྒོའི་གསོ་སྦྱོང་དང་། འཛམ་གླིང་ཆུའི་ཉིན་མོ། ཀྲུང་གོའི་ཆུའི་གཟའ་འཁོར་གྱི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་སུ་སྤེལ་བ་རེད།

བྱེད་སྒོའི་ནང་ཚོགས་ཞུགས་མི་སྣས་ལས་སྒོའི་གསོ་སྦྱོང་གི་བརྙན་ལམ་ལ་གཅིག་སྡུད་ཐོག་བལྟས་ནས་ལས་ཁུངས་ཀྱི་ཟ་ཁང་གིས་ཟས་རིགས་འཕྲོ་བརླག་གཏོང་བ་གཏན་འགོག་བྱེད་པའི་ལས་དོན་གྱི་གྲུབ་འབྲས་བསྡོམས་རྩིས་བརྟག་དཔྱད་ཀྱི་ཚད་ལྡན་བརྒྱུད་རིམ་དང་། དམིགས་ཚད་མ་ལག རེའུ་མིག་འགོད་པའི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ཏེ་རྗེས་མཐུད་གནད་སྨིན་ངང་ལས་དོན་སྤེལ་ཆེད་ལས་སྒོའི་རྨང་གཞི་བརྟན་དུ་བཏང་བ་རེད། དེ་རྗེས་ཚང་མས་ཐུན་མོང་ཐོག་འབྲེལ་ཡོད་གསར་འགྱུར་འཕྲིན་སྤེལ་དང་དེ་བཞིན་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་གཙོ་དོན་གླུ་གཞས《འབྲུ་རིགས་ཐོན་སྐྱེད་བརྟན་པོ་བྱུང་ན་གནམ་འོག་ཞི་བདེར་འཁོད》ཅེས་པར་བལྟས་ནས་ཟས་རིགས་འཕྲོ་བརླག་གཏོང་བ་གཏན་འགོག་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་གྲོན་ཆུང་བསྲི་ཚགས་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།

འཛམ་གླིང་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་གྱི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོའི་ལྷུ་ཚིགས་སུ་གྲགས་ཅན་མི་སྣས་ཆུ་གྲོན་ཆུང་གི་སྤྱི་ཕན་བརྙན་ཐུང་དང་། ལྷ་སའི་ཆུ་གྲོན་ཆུང་གི་དྲིལ་བསྒྲགས་བརྙན་ཐུང་། དེ་བཞིན་རྒྱལ་ཡོངས་ཀྱི་ཆུ་གྲོན་ཆུང་གི་དཔེ་མཚོན་ཆེ་གྲས་བཅུའི་བརྙན་ཐུང་བཅས་བསྟན་པ་བརྒྱུད་དེ་གསོན་ཉམས་དོད་པའི་རྣམ་པའི་ཐོག་ནས་ཆུ་གྲོན་ཆུང་གི་ཤེས་བྱ་ཁྱབ་གདལ་དང་ཆུ་གྲོན་ཆུང་གི་འདུ་ཤེས་བརྒྱུད་སྤྲོད་བྱས་ཏེ་ཚོགས་ཞུགས་མི་སྣས་ལས་གནས་ཐོག་ཆུ་གྲོན་ཆུང་གི་སྔོན་འགྲོའི་བྱེད་ཕྱོགས་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། བྱེད་སྒོ་མཇུག་འགྲིལ་རྗེས་གཙོ་གཉེར་ཕྱོགས་ཀྱིས་ཡུལ་དངོས་སུ་ཆུ་གྲོན་ཆུང་གི་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་རྫས་སྤྲད་དེ་ཆུ་གྲོན་ཆུང་གི་འདུ་ཤེས་དེ་ལས་ཁུངས་ཀྱི་ཟ་ཁང་ནས་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ལྷུ་ཚིགས་ཁག་བར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

ལས་ཁུངས་ཀྱི་ཟ་ཁང་ནི་གྲོན་ཆུང་བསྲི་ཚགས་དང་འཕྲོ་བརླག་གཏོང་བ་གཏན་འགོག་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ཡིན་ལ་སྤྱི་པའི་སྒྲིག་གཞིའི་ནུས་རྒྱུ་གྲོན་ཆུང་གི་གཟུགས་བརྙན་མངོན་པའི་སྐར་ཁུང་ཞིག་ཀྱང་ཡིན་སྟབས།ཕྱིས་འབྱུང་ལྷ་ས་གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ལས་ཁུངས་ཀྱི་ཟ་ཁང་གིས་ཟས་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ནས་རྒྱུན་རྣམ་ཅན་གྱི་ཆུ་གྲོན་ཆུང་སོགས་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་སྒྲིག་གཞིའི་ལས་དོན་མི་སྣས་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ལག་ལེན་བསྟར་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད།

གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཁང་ཁོངས་དང་སྤྱི་པའི་སྒྲིག་གཞིའི་ནུས་རྒྱུ་གྲོན་ཆུང་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ལུའེ་ལི་ཐའོ་ཡིས་ཕྱིས་འབྱུང་ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་ལས་ཁུངས་ཀྱི་ཟ་ཁང་གིས་ཟས་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་ཕུགས་ཕན་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་གྱི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་དང་ཆབས་ཅིག ཆུ་གྲོན་ཆུང་གི་དྲིལ་བསྒྲགས་དེ་རྒྱུན་གཏན་གྱི་དོ་དམ་ནང་བཅུག་ནས་འབྲུ་རིགས་གྲོན་ཆུང་དང་ཆུའི་ཐོན་ཁུངས་ལ་གཅེས་སྤྲས་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)