02

བསྐལ་པ་བཟང་བའི་ཀྲུང་གོ། བདེ་སྐྱིད་ལྡན་པའི་བོད་ལྗོངས་ཞེས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་ལྷ་ས་གྲོང་ཁྱེར་གྱི་མཉམ་གཞས་འགྲན་བསྡུར་འགོ་ཚུགས་ཉེར་ཡོད་པ། 2026年03月27日

པར་འདི་ནི་ནང་སྦྱོང་བྱ་ཡུལ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་བཀའ་དྲིན་ལ་བསྟོད་གླུ་ཕུལ་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་མདུན་སྐྱོད་བྱེད། ལྷ་ས་གྲོང་ཁྱེར་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་མཉམ་གཞས་འགྲན་བསྡུར་གྱི་མཐའ་བསྡུར་གདོང་མཆོང་གི་དུས་མཚམས་སུ་སླེབས་པ་དང་བསྟུན་ནས་ཟླ་3ཚེས་24ཉིན་གྱི་ཕྱི་དྲོ། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་རྣམས་ལྷ་ས་དགེ་འོས་སློབ་གླིང་གི་མཐའ་བསྡུར་སྤེལ་ཡུལ་དུ་འཛོམས་ནས་འགྲན་བསྡུར་མ་བྱས་གོང་གི་གཅིག་སྡུད་ཐོག་ནང་སྦྱོང་བྱེད་འགོ་ཚུགས་པ་དང་། ཡུལ་དངོས་སུ་གླུ་སྒྲ་སྙན་ལ་ནང་སྦྱོང་ཚགས་ཚུད་པོ་བྱེད་པ། ཁོངས་མི་ཡོངས་ཀྱིས་སེམས་ནུས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འཁྲབ་སྟོན་ལ་གྲ་སྒྲིག་བྱེད་བཞིན་ཡོད།

ནང་སྦྱོང་བྱ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་ཅིང་། སྟག་རྩེ་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། མཐོ་གསར་ཁུལ་བཅས་ཀྱི་འཐུས་མི་རུ་ཁག་སྔོན་ལ་གར་སྟེགས་ཐོག་ཐོན་ཞིང་། རུ་མི་ཚོའི་སྙིང་སྟོབས་རབ་ཏུ་འཕེལ་བ་དང་དཔའ་ངར་ཆེར་སྐྱེད་ཀྱིས་ལྷུ་ཚིགས་ཚང་མར་ལེགས་བཅོས་ཡང་ཡང་བྱེད་པ་དང་ཞིབ་ཚགས་པོས་འཐུས་སྒོ་ཚང་དུ་བཏང་ནས་གར་སྟེགས་ཐོག་འཁྲབ་སྟོན་གྱི་ཕན་འབྲས་ཡག་ཤོས་གཟིགས་མོ་བའི་སྤྱན་ལམ་དུ་འབུལ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད།

སྟོད་ལུང་བདེ་ཆེན་ཆུས་འཐུས་མི་རུ་ཁག་གི་འགྲན་ཞུགས་རུ་མི་ལྷག་པ་བསམ་གྲུབ་ཀྱིས་ང་ཚོས་ད་ཐེངས་འཁྲབ་སྟོན་བྱེད་པའི་གླུ་གཞས་ནི《ཁ་བཏགས་ཀྱི་སྨོན་འདུན》ཞེས་པ་དེ་ཡིན་པ་དང་། དྭངས་གཙང་མཇལ་དར་བརྩེ་སེམས་གཞི་རྟེན་དུ་བྱས་ནས་གངས་ལྗོངས་གི་བུ་ཕྲུག་ཚོའི་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་ཅེས་བཤད།

དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་མཐོ་གསར་ཁུལ་གྱི་འཐུས་མི་རུ་ཁག་གི་འགྲན་ཞུགས་རུ་མི་བསྟན་འཛིན་ཉི་སྒྲོན་གྱིས་ད་རེས་མཐོ་གསར་ཁུལ་དང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་མཉམ་འབྲེལ་རུ་ཁག་གི་མི་གྲངས་200མཉམ་གཞས་འགྲན་བསྡུར་ནང་ཞུགས་ཡོད། གླུ་གཞས་ནི《ཁྱེད་ལ་ཐུགས་རྗེ་ཆེ་ཞུ》ཞེས་པ་དེ་ཡིན། ང་ཚོས་མཉམ་གཞས་འགྲན་བསྡུར་གྱི་བྱེད་ཐབས་བརྒྱུད་ནས་ཏང་དང་མེས་རྒྱལ་ལ་དགའ་ཞེན་བྱེད་ལུགས་མཚོན་པར་བྱས་ཡོད་ཅེས་བཤད།

བསྐལ་པ་བཟང་བའི་ཀྲུང་གོ། བདེ་སྐྱིད་ལྡན་པའི་བོད་ལྗོངས་ཞེས་པའི་མཉམ་གཞས་འགྲན་བསྡུར་སྐབས་བཞི་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་ད་ཆ་ལྷ་ས་གྲོང་ཁྱེར་གྱི་ཤུགས་རྐྱེན་ཆེན་པོ་ལྡན་པའི་མང་ཚོགས་ཀྱི་རིག་གནས་སྤུས་རྟགས་སུ་གྱུར་ཡོད། དེ་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། མི་རིགས་ཁག་གི་མང་ཚོགས་ཀྱི་འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད། སྐབས་འདིའི་མཉམ་གཞས་འགྲན་བསྡུར་ནང་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་དང་ནུས་པའི་ཁུལ་ཁག་གི་འཐུས་མི་རུ་ཁག་10དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་2000ཙམ་མཉམ་དུ་འཛོམས་ཡོད། དེ་ནི་སྒྱུ་རྩལ་རང་བཞིན་དང་བསམ་བློའི་རང་བཞིན་གཉིས་ལྡན་གྱི་རིག་རྩལ་འཁྲབ་སྟོན་ཞིག་ཡིན་པར་མ་ཟད། ལྷ་སའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི་ལྷག་བསམ་རྣམ་དག་གི་གསོན་ཉམས་དོད་པའི་གཞི་རྟེན་ཞིག་ཀྱང་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)