མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་བྱེད་པ་དང་། གྲོང་ཁྱེར་ཡག་པོ་སྐྲུན་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན། གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་གྲངས་ནི་དམངས་འཚོའི་འདུ་འགོད་དང་དམངས་སེམས་དང་མཐུན་པའི་འདུ་འགོད་གལ་ཆེན་ཞིག་ཡིན་པས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད། ལྷ་ས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་དང་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་བྱེད་པ་དང་། གྲོང་ཁྱེར་ཡག་པོ་སྐྲུན་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་ལག་ལེན་ནན་ཏན་བསྟར་བ་དང་། མཐའ་མའི་གདོང་མཆོང་གི་རྣམ་པར་བརྟེན་ནས་འགོ་ཡག་པོ་འཛུགས་པ། བཟོ་བོའི་བློ་ཡི་ཚད་གཞི་གཞིར་བཟུང་སྟེ་དམ་འཛིན་ཞིབ་ཕྲ་བྱེད་པ། ཕུགས་ཕན་གྱི་ལམ་སྲོལ་ལ་བརྟེན་ནས་དོ་དམ་སྲུང་སྐྱོང་ལ་དམ་འཛིན་བྱེད་པ། བྱ་བ་ཆུང་ཙག་ནས་འགོ་འཛུགས་པ། ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་གསར་གཏོད་དང་། སྡོད་མལ་ལ་འཚམ་པ། མཛེས་སྡུག མཉེན་གཤིས། ཤེས་དཔལ། བློ་གྲོས་བཅས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་མགྱོགས་མྱུར་སྐྲུན་དགོས།
མཐའ་མའི་གདོང་མཆོང་གི་རྣམ་འགྱུར་ཐོག་ནས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་དང་། ལོ་ལྔ་ཚན་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན། འགོ་ཚུགས་པའི་ལོ་དེར་འགོ་ཚུགས་པའི་རྣམ་པ་ཡོད་དགོས། འགག་རྩའི་ལོ་ལ་ལས་རྗེས་ཧུར་ཐག་འཇོག་དགོས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་། འགོ་བཙུགས་མ་ཐག་མཐའ་མའི་གདོང་མཆོང་དང་ཐག་གཅོད་དམག་འཐབ་རྒྱག་པ། དཔའ་ངར་ཆེན་པོས་གྲོང་ཁྱེར་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ། དུས་རབས་འཕེལ་རྒྱས་ཀྱི་སྒྲ་ཤུགས་ཆེ་ཤོས་སྒྲོག་པ། གྲོང་ཁྱེར་འཛུགས་སྐྲུན་གྱི་ཞན་ཆ་མུ་མཐུད་གསབ་པ། གྲོང་ཁྱེར་གྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲུབ་འབྲས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་སྔ་ཙམ་ཕན་པ་ཐོབ་པར་བྱས་ཡོད།
བཟོ་བོའི་ཚད་གཞིར་བརྟེན་ནས་ཞིབ་ཕྲའི་ལས་དོན་ལ་དམ་འཛིན་བྱས་ཏེ་ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་བརྟན་དུ་བཏང་བ། གྲོང་ཁྱེར་ཛུགས་སྐྲུན་རྣམ་གྲངས་ཀྱི་སྤུས་ཚད་དེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་དང་འབྲེལ་བ་ཡོད་པས་ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། ཞིབ་ཅིང་ཕྲ་བའི་སྒོ་ནས་འགོ་བཙུགས་ཏེ་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ། ནུས་ཤུགས་ཡོད་རྒུས་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱེད་པ། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་སྤུས་དག་ལས་གྲྭ་དང་། མ་དཔེའི་ལས་གྲྭ། དམངས་སེམས་དང་མཐུན་པའི་ལས་གྲྭ་གཏོད་པ་བཅས་བྱས་ཏེ་དམངས་འཚོར་བདེ་སྐྱིད་གང་ལེགས་བསྐྲུན་དགོས།
ཕུགས་ཕན་ལམ་སྲོལ་ལ་བརྟེན་ནས་དོ་དམ་སྲུང་སྐྱོང་ལ་དམ་འཛིན་བྱས་ཏེ་དམངས་ཀྱི་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད། མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་ནི་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་ཆེ་ཤོས་ཡིན་པ་དང་། དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་པས་མིག་སྔར་བཅོས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཡུན་རིང་འཛུགས་སྐྱོང་ལ་སྣང་ཆེན་བྱེད་པ། ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་དང་ཕུགས་ཕན་ཐད་ཤུགས་སྣོན་རྒྱག་པ། གཅོད་ཁ་ཆུང་ཆུང་མཐའ་འཁྱོངས་བྱེད་པ། མང་ཚོགས་ལ་ཞིབ་ཅིང་ཕྲ་བའི་གྲོང་ཁྱེར་དོ་དམ་དང་སྤྱི་པའི་ཞབས་ཞུ་ཡག་པོ་མཁོ་འདོན་བྱེད་པ། མཛེས་སྡུག་ལྡན་པའི་འཚོ་བ་ཤེས་རྟོགས་དང་མྱུར་དུ་གཏོད་དགོས།
དམིགས་ཚད་གཏན་འཁེལ་བྱས་ནས་དུས་བསྟུན་མདུན་སྐྱོད་བྱེད་པ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བརྟན་པོའི་འོག་སེམས་ཤུགས་གཅིག་སྒྲིལ་དང་། སྙིང་སྟོབས་ཆེར་སྐྱེད། ཡར་རྒྱས་བརྩོན་ལེན། དམ་པ་དོན་གཉེར། གྲོང་ཁྱེར་གྱི་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ། གྲོང་ཁྱེར་གྱི་ནུས་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ཏེ་ལྷ་ས་འདི་ཉིད་ས་གནས་འདི་གའི་མི་རྣམས་སྤོབས་སེམས་སྐྱེད་པ་དང་ཕྱི་ཕྱོགས་ཀྱི་མི་རྣམས་ཡིད་སྨོན་འཆོར་བའི་ས་མཐོའི་མུ་ཏིག་གྲོང་ཁྱེར་ལྟ་བུ་ཞིག་ཏུ་གཏོད་དགོས།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)