04

རིག་ཚན་མང་པོ་དང་མཉམ་ལས་བྱས་ཏེ་ཉེན་ཆེའི་ནད་པར་སླར་ཡང་གསོན་ཤུགས་སྦྱིན། 2025年12月16日

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ང་ལ་ནད་གཞི་ཕོག་སྐབས་སྨན་པ་དང་ནད་སྐྱོང་བས་ཐུགས་ཁུར་གང་ལེགས་གནང་བྱུང་བས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཉེ་ཆར། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དབང་རྩའི་ཕྱི་ནད་ཚན་ཁག་གི་ནད་སྡོད་ཁུལ་དུ་ལོ་32ལ་སླེབས་པའི་སྐུ་ཞབས་ཏའེ་ལགས་ཀྱིས་ནང་མིའི་སྐྱོར་རོགས་འོག་རྐུབ་སྟེགས་འཁོར་ལོའི་ཐོག་ནས་དལ་བུར་ལངས་ཏེ་དམར་མདངས་བཀྲ་བའི་གོས་དར་དང་དཀར་གཙང་མཇལ་དར་བཅས་དབང་རྩའི་ཕྱི་ནད་ཚན་ཁག་དང་ཀྲུང་ལུགས་གསོ་རིག་ཚན་ཁག་གི་སྨན་བཅོས་ཚོགས་པའི་ཕྱག་ཏུ་ཕུལ། ཁོང་རང་ཚུགས་ངང་ལངས་རྒྱུ་བྱུང་བར་ཉིན་མཚན་100ལྷག་ཙམ་གྱི་དཀའ་སྤྱད་སྦྱོང་བརྡར་བྱས་ཡོད་ཅིང་། དེའི་ནང་སྨན་ཁང་དེའི་རིག་ཚན་མང་པོའི་སྨན་དོན་མི་སྣའི་སེམས་ནུས་དང་བློས་གཏོང་གཅིག་ཏུ་འདུས་ཡོད།

འདི་ལོའི་ཟླ་8ཚེས་7ཉིན་སྐུ་ཞབས་ཏའེ་ལགས་ཀྱི་མགོ་ནང་གི་འཕར་རྩ་རྡོལ་ནས་ཁྲག་དོན་པའི་དབང་གིས་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་འཕྲལ་མར་བསྐྱལ་བ་རེད། མགོ་ནང་གི་འཕར་རྩའི་སྐྲན་ལ་མགོ་ནང་གི་དུས་ངེས་མེད་ཀྱི་འབར་རྫས་ཞེས་ཟེར། འཕར་རྩ་རྡོལ་རྗེས་ཤི་ཚད་ཧ་ཅང་མཐོ་ལ། ནད་གཞི་ཧ་ཅང་ཚབས་ཆེན་ཡིན། སྨན་ཁང་གིས་འཕྲལ་མར་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་པ་དང་དབང་རྩའི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གུ་རུ་རྒྱལ་ལགས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་མགྱོགས་མྱུར་ཚོད་སྐོར་བྱས་ནས་གཤགས་བཅོས་ཀྱི་ཇུས་གཞི་ཞིབ་ཚགས་བཟོས་པ་རེད། ཆུ་ཚོད་4ཡི་རིང་ཛ་དྲག་ངང་སྨན་བཅོས་བྱས་པ་བརྒྱུད་ཀླད་པའི་ཁྲག་རྩ་ཧྲིལ་པོའི་བརྙན་བཟོ་དང་འཕར་རྩའི་སྐྲན་འགག་ལག་རྩལ་བདེ་བླག་ངང་ལག་ལེན་བསྟར་ནས་འབར་མདེལ་ལྟ་བུའི་ཉེན་ཁ་བདེ་བླག་ངང་བསལ་ཏེ་ནད་པ་ཤི་ཁ་ནས་སྐྱོབ་ཐུབ་པ་བྱུང་ཡོད།

གཤགས་བཅོས་ལེགས་འགྲུབ་བྱུང་བ་ནི་གོམ་པ་དང་པོ་ཡིན། གཤགས་བཅོས་བྱས་རྗེས་སྐུ་ཞབས་ཏའེ་ལགས་ལ་རྐང་ལག་གཡོན་པ་ཞ་བ་དང་བཤང་གཅི་ཚོ་མི་ཐུབ་པ་སོགས་ཀྱི་འགྲན་སློང་དྲག་པོ་འཕྲད། དྲག་སྐྱེད་ཀྱི་ལམ་བུ་རིང་པོས་ནད་པའི་བསམ་བློར་ཚོད་བགམ་བྱས་པར་མ་ཟད། སྨན་ཁང་གི་ཕྱོགས་བསྡུས་སྐྱོབ་བཅོས་ནུས་པར་དེ་བས་ཞིབ་དཔྱད་བྱས་ཡོད། དབང་རྩའི་ཕྱི་ནད་ཚན་ཁག་གི་ཚོགས་པས་ཆུ་ཚོད་24རིང་ལྟ་སྐྱོང་དང་སྨན་བཅོས་ཞིབ་ཚགས་བྱས་པས་ནད་པའི་ཚེ་སྲོག་ཉིན་བཞིན་བརྟན་དུ་ཕྱིན་ཡོད།

དབང་རྩའི་ནུས་པ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སླར་གསོ་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད། སྨན་ཁང་གིས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་ལུགས་གསོ་རིག་ཚན་ཁག་དུས་ཐོག་ཏུ་དེའི་ནང་ཞུགས་པ་དང་གསེར་ཁབ་དང་འཕུར་མཉེད་སོགས་སྲོལ་རྒྱུན་གྱི་གསོ་ཐབས་བརྒྱུད་དེང་རབས་ཀྱི་དྲག་སྐྱེད་བྱ་ཐབས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྐང་ལག་གི་ནུས་པ་སླར་གསོ་ཡོང་ཆེད་ནུས་པ་བླ་ལྷག་བཏོན་ཡོད། མལ་དུ་ཉལ་བ་ནས་ཤ་ཤེད་སླར་གསོ་དང་ཙོག་པུར་སྡོད་པ་ནས་ཡར་ལངས་པའི་བར་ཉིན་ལྟར་འགྲན་སློང་དང་དཀའ་ལས་ཚད་མེད་འདུས་ཡོད། སྨན་དོན་མི་སྣས་མུ་མཐུད་དེ་སྐུལ་ལྕག་དང་ནད་པའི་ནང་མིས་ནད་གཡོག་ཞིབ་ཚགས་རྒྱུན་འཁྱོངས་བྱས་པའི་འོག་རིམ་བཞིན་དྲག་སྐྱེད་ཀྱི་ནུས་པ་ཐོན་ཏེ་སྐུ་ཞབས་ཏའེ་ལགས་ཀྱིས་ཞབས་གཡོན་མ་མཐོ་པོར་བཀྱག་ཐུབ་པ་དང་། ལག་པ་གཡོན་པ་འགུལ་ཐུབ་པ། སྐད་ཆའི་ནུས་པ་སླར་གསོ་ཐུབ་པ། མིག་མདངས་ལས་བཀྲག་མདངས་སླར་ཡང་མངོན་པ་བཅས་བྱུང་ཡོད། མཐར་ཁོང་གིས་རང་ཚུགས་ངང་ལངས་པ་དང་བར་ཐག་ཐུང་བའི་ངང་འགྲོ་ཐུབ་པ་བྱུང་ཡོད།

བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དབང་རྩའི་ཕྱི་བཅོས་ཚན་ཁག་གི་སྨན་པ་དཀའ་བཅུ་པ་ཞུས་ཧན་ཁྲུང་གིས་མྱོང་ཚོར་ཟབ་མོས་ནད་པ་སླར་ཡང་ལངས་པ་མཐོང་སྐབས་སྨན་པའི་བདེ་སྐྱིད་ཆེ་ཤོས་དེ་རེད་ཅེས་བཤད། ཉེན་ཚབས་ཆེ་བའི་ནད་པ་སྐྱོབ་བཅོས་ལེགས་གྲུབ་བྱུང་བ་དེའི་ཐོག་ནས་སྨན་ཁང་དེས་ནད་པ་ལྟེ་བར་འཛིན་པའི་ཞབས་ཞུའི་འདུ་ཤེས་དང་། རིག་ཚན་མང་པོ་དང་མཉམ་ལས་བྱས་ནས་ཉེན་ཚབས་ཆེ་བའི་ནད་པར་ཁ་གཏད་གཅོག་པའི་སྟོབས་ཤུགས་ཆེན་པོ། དེ་བཞིན་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་ལས་དྲག་སྐྱེད་དུས་མཚམས་ཀྱི་དམིགས་བསལ་ལེགས་ཆ་བཅས་གང་ལེགས་མངོན་ཡོད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)