(པར་ངོས་དང་པོར་མཐུད)ཀྲུང་གོ་ཕྱོགས་ཀྱིས་རྩ་ཆེའི་རྒྱབ་སྐྱོར་བྱས་པར་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཐུའུ་ཁུའུ་མན་སི་ཐན་གྱི་གཙོ་ཆེའི་དྲ་སྦྲེལ་སྤྱི་ཁྱབ་རྩོམ་སྒྲིག་པ་ལེ་སུར་ཏུའོ་ཧྥུ་ལེ་ཐེ་མུའུ་ལ་ཏུའོ་ཧྥུ་ཡིས་ད་ལོ་ནི་ཐུའུ་ཁུའུ་མན་སི་ཐན་ལ་ཡུན་རིང་གི་བར་གནས་ཀྱི་གནས་བབ་ཐོབ་ནས་ལོ་ངོ་30འཁོར་བའི་ལོ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཞི་བདེ་དང་ཡིད་ཆེས་ལོའི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བར་ཐུའུ་ཁུའུ་མན་སི་ཐན་གྱི་སྨྱན་སྦྱོར་དང་ཇུས་འདོན་ཚོགས་པའི་ལས་རིགས་སུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་མི་མཐུན་པའི་ཆ་སེལ་བ་དང་། མཉམ་ལས་བྱས་པ་བརྒྱུད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཞི་བའི་ཐབས་ལ་བརྟེན་ནས་རྩོད་གཞི་སེལ་བ་བཅས་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་དེ་དང་ཐུའུ་ཁུའུ་མན་སི་ཐན་གྱི་ལངས་ཕྱོགས་ཧ་ཅང་མཐུན་པོ་ཡོད།
ཀྲུང་ཐུའུ་རྒྱལ་ཁབ་གཉིས་ནི་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་ཡག་པོ་དང་མཉམ་ལས་གཉིས་ཁེའི་རོགས་ཟླ་ཡག་པོ་ཞིག་རེད་ཅེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་གི་སྐད་ཆ་དེས་ཤིན་ཅང་སློབ་ཆེན་ཐུའུ་ཁུའུ་མན་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ཀུན་ཆ་ཕེར་ལི་ཡེ་ཝ(རྒྱ་སྐད་ཀྱི་མིང་ལ་ཀུའུ་ལི་ཟེར)ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཀྲུང་གོའི་སློབ་གྲོགས་ཚོས་ཐུའུ་ཁུའུ་མན་སི་ཐན་གྱི་རིག་གནས་ལ་བཅངས་པའི་སྤྲོ་སེམས་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དྲོད་ཚད་དངོས་འབྲེལ་ཚོར་བྱུང་། ཀུའུ་ལིས་ཤིན་ཅང་སློབ་ཆེན་དུ་འབུམ་རམས་པ་སློབ་སྦྱོང་བྱེད་པ་དང་སློབ་གྲྭ་ཐོན་རྗེས་རྒྱ་ཡིག་གི་དགེ་རྒན་བྱས་ནས་ཐུའུ་ཁུའུ་མན་སི་ཐན་བ་དེ་བས་མང་བས་ཀྲུང་གོར་ཤེས་རྟོགས་ཐུབ་པར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་མཁན་དང་། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་མཛའ་གྲོགས་རྒྱུན་འཛིན་པ། ཞི་བདེའི་འདུ་ཤེས་བརྒྱུད་སྤེལ་བྱེད་མཁན་བཅས་བྱ་རྩིས་ཡོད་པ་རེད།
དངོས་ཡོད་ཀྱི་གནད་དོན་ལ་དངོས་སྒྲུབ་ཀྱི་དྲིས་ལན་བཏབ་པ།
ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ང་ཚོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས་བཅས་བྱེད་དགོས་པ་དང་།
ཞི་བདེའི་མཚལ་ཡིག་གསབ་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཞི་བའི་བྱེད་ཐབས་ཐོག་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བཙན་དབང་དང་ཧམ་ཤེད་དང་གཞན་གནོད་རང་ཕན་ལ་ངོ་རྒོལ་བཅས་བྱེད་དགོས། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱེད་པ་དང་། ཡིད་རྟོན་གྱི་མཚལ་ཡིག་སེལ་བ། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྟེན་ནས་དྲང་གཞག་དང་དྲང་བདེན་འགན་ལེན་བྱེད་པ། ཕྱོགས་མང་རིང་ལུགས་ལ་བརྟེན་ནས་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་ལས་དོན་ཐད་ཚང་མས་གྲོས་བསྡུར་དང་། རྒྱལ་སྤྱིའི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོང་། བཅོས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས།
ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཞི་བདེའི་མཚལ་ཡིག་གསབ་པ་དང་ཞི་བདེའི་བྱེད་ཐབས་ཐོག་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དངོས་ཡོད་གནད་དོན་ལ་དངོས་སྒྲུབ་ཀྱི་དྲིས་ལན་འདེབས་དགོས་པའི་ནན་གསུངས་གནང་ཡོད། ཐན་ཙན་ནི་ཡའི་ཏ་ལེ་སི་ས་ལ་མུའུ་སློབ་ཆེན་གྱི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་ཧྥོ་ལའེ་མུ་ཤིས་ཀྱིས་ཨ་ཧྥེ་རི་ཁའི་ངོས་ནས་བལྟས་ཚེ་ཞི་བདེ་དང་ཡིད་ཆེས་ནི་ཧ་ཅང་དཀོན་ཤོས་དང་ཁ་ཚ་དགོས་གཏུགས་ཀྱི་སྤྱི་པའི་ཐོན་རྫས་ཤིག་རེད། ཕྱོགས་གཅིག་ནི་ས་ཁུལ་གྱི་དཔལ་འབྱོར་སླར་གསོའི་འདུན་པ་དྲག་པོ་ཡོད་མཁན་དང་། ཕྱོགས་གཞན་ཞིག་ནི་བདེ་འཇགས་ཀྱི་ཉེན་ཁ་གཅིག་འཇགས་གཅིག་ལངས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་རྣམ་བཤད་གལ་ཆེན་ལས་ང་ཚོ་ཡུན་རིང་ས་ཁུལ་གྱི་བརྟན་ལྷིང་དང་བཅོས་སྐྱོང་ལ་དོ་ཁུར་བྱེད་མཁན་ཚོར་ཐུན་མོང་གི་ངོས་འཛིན་ཞིག་བྱུང་ཞེས་གསུངས།
དབྱི་རག་ཁུའར་ཏེ་སི་ཐན་གུང་ཁྲན་ཏང་གི་དེ་སྔའི་སྤྱི་ཁྱབ་ཧྲུའུ་ཅི་ཁ་ཝ·མ་ཧ་མའོ་ཏེས་མིག་སྔར་དབུས་ཤར་ས་ཁུལ་གྱི་དུས་འགྱུར་སྔར་བཞིན་རིམ་འགྱུར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་།བདེ་འཇགས་ཉེན་ཁ་གསར་པ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། ཕ་ལེ་སི་ཐན་གྱི་གནད་དོན་གཞུང་དྲང་དང་ཁྱོན་ཡོངས་དང་ཡུན་རིང་ཐག་གཅོད་བྱེད་མ་ཐུབ་པ། གཡོ་འགུལ་དང་ཁ་གཏད་རྒྱུན་ཆད་མེད་པར་གསོག་འཇོག་བྱེད་པ། ཡིད་ཆེས་ཀྱི་མཚལ་ཡིག་དང་ཞི་བདེའི་མཚལ་ཡིག་སྔར་བས་ཆེ་རུ་འགྲོ་བཞིན་ཡོད་ཅེས་བཤད། ཉིན་རེ་བཞིན་བརྟན་ལྷིང་མིན་པའི་རང་བཞིན་དང་ངེས་གཏན་མིན་པའི་རང་བཞིན་ཇེ་ཆེར་འགྲོ་བའི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་སྐབས་གང་ཞིག་ལས་ཀྱང་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཁེའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་ཕན་ཚུན་ཡིད་ཆེས་གསོག་པ། ཐུན་མོང་བདེ་འཇགས་ལ་བརྟེན་ནས་ས་ཁུལ་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས།
ཨུ་ཟ་བྷེ་ཁི་སི་ཐན་གྱི་ཆབ་སྲིད་ལྟ་ཞིབ་མཁས་ཅན་ཧྲ་ལུའོ་ཧྥེ་ཏིང་ཐུའུ་ལ་ཅ་ནུའོ་ཧྥུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་སྲུང་སྐྱོང་བརྟན་པོ་བྱ་རྒྱུ་ནི་གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་འགག་རྩའི་འདེགས་སྐྱོར་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང“མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་སྲུང་སྐྱོང་བརྟན་པོ་བྱ་རྒྱུ་ཡིན”ཞེས་ནན་གསུངས་གནང་བ་དེར་ཚད་མཐོའི་ཁས་ལེན་གནང་བ་རེད། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ནི་དེང་སྐབས་འཛམ་གླིང་ཐོག་ཡོངས་ཁྱབ་རང་བཞིན་དང་། འཐུས་ཚབ་རང་བཞིན། ཟིལ་ཤུགས་རང་བཞིན་བཅས་ལྡན་ཤོས་ཀྱི་སྲིད་གཞུང་བར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པ་དང་གདོང་ཐུག་གི་འདུམ་སྒྲིག་དང་། ཆབ་སྲིད་ཀྱི་གླེང་མོལ། དཔལ་འབྱོར་མཉམ་ལས། མི་ཆོས་ཀྱི་བྱ་སྤྱོད། རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ནུས་པ་ནི་ཚབ་བྱེད་ཐབས་བྲལ་བ་ཞིག་རེད་ཅེས་གསུངས།
ཁེར་གྷི་སི་ཐན་གྱི་ཆབ་སྲིད་མཁས་དབང་ཁུའུ་པ་ནེ་ཆི་པེ་ཁེ་ཐ་ཨ་པར་ཅི་ཡེ་ཧྥུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་བཙན་དབང་ཧམ་སྤྱོད་དང་གཞན་གནོད་རང་ཕན་ལ་ངོ་རྒོལ་བྱེད་དགོས་པའི་ནན་གསུངས་གནང་བ་དེའི་ཐོག་ནས་དེ་བས་གཞུང་དྲང་དང་བསྟུན་མཁས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཡོངས་ཁྱབ་ཀྱི་རེ་སྒུག་མཚོན་ཡོད། འགལ་བ་དང་མི་མཐུན་པ་དེ་སྐད་ཆ་ཤོད་རེས་ལ་བརྟེན་ནས་ཐག་གཅོད་བྱེད་པ་ལས་བཙན་དབང་ལ་བརྟེན་ནས་ཐག་གཅོད་བྱེད་མི་རུང་། འདོད་ཚུལ་དེ་ཉམས་ཉེན་མང་པོ་མཉམ་དུ་འདྲེས་པའི་དེང་གི་སྐབས་སུ་ལྷག་པར་དུ་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད་ཅེས་གསུངས།
ཧ་སག་སི་ཐན་ཨ་སི་ཐ་ན་རྒྱལ་སྤྱིའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་གཞོན་པ་ཐའེ་ཤིས་ཡ་མར་མོང་ཐུའོ་ཝ་ཡིས་བལྟས་ན། ཡོ་རོབ་དང་འཛམ་གླིང་དབུས་ཤར་ནས་ཨ་ཧྥེ་རི་ཁའི་བར་གྱི་ས་ཆ་ཆ་ཤས་ལ་གདོང་ཐུག་དང་དྲག་ཆས་འགྲན་རྒོལ་ཡང་ཡང་ཐོན་པ་དང་། ཡིད་ཆེས་མཚལ་ཡིག་དང་ཞི་བདེའི་མཚལ་ཡིག་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། སྐད་ཆ་ཤོད་རེས་དང་མཉམ་ལས་ཀྱི་རྨང་གཞིར་རྡབ་རྡེག་ཕོག་པ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་། དམངས་སེམས་གཅིག་མཐུན་ལ་བརྟེན་ནས་འགལ་ཟླ་སེལ་བ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་ཐོག་ནས་ཤེས་དཔལ་གྱི་འགལ་ཟླ་སེལ་དགོས། དེས་དེ་བས་ཞི་མཐུན་བསྟུན་མཁས་ཀྱི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པ་དང་དེ་བས་ཡུན་རིང་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་སྒུལ་ཤུགས་བསྣན་ཡོད།
མིའི་རིགས་ཀྱི་སྤྱི་ཚོགས་ཕུགས་ཕན་གྱི་འཕེལ་རྒྱས་ལ་བསམ་བློའི་ཁྲིད་སྟོན་གལ་ཆེན་བྱས་པ།
ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང“མི་རིང་བའི་གོང་ངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།
ཨུ་རུ་སུའི་མི་དམངས་མཛའ་གྲོགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་གཞོན་པ་ཨའོ་ལེ་ཀེ་ཅི་མོ་ཧྥེ་ཡེ་ཧྥུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་གནང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་ལ་རྒྱབ་སྐྱོར་གནང་བ་དེའི་ཐོག་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་ཀྲུང་གོའི་འགན་འཁྲི་འཁུར་སེམས་དང་དགེ་མཚན་ལྡན་པའི་ནུས་པ་མངོན་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་གཞི་ཚུད་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལ་རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་དགའ་བསུ་དང་རྒྱབ་སྐྱོར་ཐོབ་ཡོད་ཅེས་གསུངས།
ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང(གྲོས་ཚོགས་གོང་མ)རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཨན་ཏེ་ལེ་ཅེ་ཉི་སུའོ་ཧྥུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱང་ལྟའི་རང་བཞིན་ལྡན་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་འགོ་རབ་དང་རིམ་པ་བཏོན་གནང་ཡོད། གྲོས་འགོ་དེ་དག་ལ་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཐུན་མོང་ཐོག་བྱ་སྤྱོད་སྤེལ་བའི་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུ་བྱས་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཕུགས་ཕན་འཕེལ་རྒྱས་ཆེད་བསམ་བློའི་མཛུབ་ཁྲིད་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་གསུངས།
མོ་ཞི་ཁོའི་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་གྱི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་དབྱི་ཀེ་ན་ཤིས་ཨའོ་མ་ཏིང་ནེ་སིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་དོ་ཁུར་མཚོན་པ་དང་རྒྱལ་སྤྱིའི་མ་ལག་གིས་རྒྱལ་ཁབ་ཁག་གི་ཁེ་ཕན་རེ་ཞུར་དེ་བས་དོ་སྙོམས་ངང་ལན་འདེབས་རྒྱུར་སྐུལ་འདེད་བཏང་ཡོད། དེ་བས་ཡངས་པའི་ཟུར་ཚད་ཐོག་ནས་བལྟས་ན། ཀྲུང་གོས་མིའི་རིགས་ཀྱི་ཕུགས་ཕན་གྱི་བདེ་རྩར་གཞི་ཚུགས་ཏེ་འཐབ་ཇུས་ཀྱི་མིག་རྒྱང་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་འགོ་རབ་དང་རིམ་པ་བཏོན་པ་དང་། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་ལས་གནོན་ཤུགས་མི་སྤྲོད་པར་མི་མཐུན་ས་ཐག་གཅོད་བྱས་ཏེ།ཞི་བདེ་སྲུང་སྐྱོང་དང་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་གསུངས།
ཁེར་གྷི་སི་ཐན་གྱི་ཨའོ་དབྱི་ཨོར་ཏུའོ་རིགས་གཅིག་མཁས་ཅན་གྱི་གྲོས་འགོའི་ལྟེ་གནས་ཀྱི་ཀྲུའུ་རེན་དབྱི་ཀེར་ཧྲེ་སི་ཐ་ཁོ་ཧྥུ་ཡིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོའི་དམིགས་ཡུལ་ནི་དྲང་གཞག་དང་རྒྱུན་མཐུད་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་དུས་རབས་ཀྱི་དོན་སྙིང་མངོན་གསལ་དོད་པོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གང་ཞིག་ཡིན་རུང་རྒྱལ་ཁབ་གཞན་ལས་ལྷག་པ་བྱེད་པར་ངོ་རྒོལ་བྱེད་དགོས་པའི་གྲོས་འགོ་བཏོན་པ་དང་། སྐད་ཆ་ཤོད་རེས་བྱེད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། ཕྱོགས་རྐྱང་པའི་རིང་ལུགས་དང་རྒྱལ་ཕམ་ཐག་གཅོད་ཀྱི་བསམ་བློ་དོར་ཚེ་རྒྱལ་སྤྱིའི་གདོང་ཐུག་གི་ཉེན་ཁ་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་བ་རེད།
ཐ་ཇིག་སི་ཐན་གྱི་སྲིད་འཛིན་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧ་དབྱི་ལི་ཏིང་ཝུའུ་སི་མོང་ཙུའོ་ཏ་ཡིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཕྱོགས་མང་རིང་ལུགས་དར་སྤེལ་བཏང་སྟེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་པ་དེས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་རྒྱལ་ཁབ་ཁག་གིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་སྤྱི་ཚོགས་ལམ་ལུགས་ལ་བརྩི་འཇོག་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གཏིང་ཟབ་ལྡན་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་ཐུའུ་ཁུའུ་མན་སི་ཐན་ཨ་ཧྲི་ཧ་པ་ཏེ་ནས་ཟླ་12ཚེས་13ཉིན་འབྱོར་བའི་གློག་འཕྲིན)
(བསྟན་རྡོར་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)