03

དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་བབ་གསར་པའི་འོག་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། 2025年12月16日

(པར་ངོས་དང་པོར་མཐུད)སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱི་ཚོགས་ཀྱི་གསོན་ཤུགས་སྔར་བས་འཕེལ་ཐུབ་པ་བྱེད་དགོས། དངོས་པོའི་ཐད་མ་འཇོག་དང་མིའི་ཐད་མ་འཇོག་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་པ་ནི་དངོས་པོའི་མ་རྩ་དང་མི་ཤུགས་ཀྱི་མ་རྩ་གསོག་འཇོག་བྱ་རྒྱུར་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་ནས་དངོས་པོའི་ཐད་མ་འཇོག་དང་མིའི་ཐད་མ་འཇོག་བྱེད་པའི་ཕྱོགས་གཉིས་ཀྱི་ནུས་པ་འདོན་སྤྲོད་དང་ཕན་ཚུན་ལ་སྐུལ་འདེད་གཏོང་དགོས། ནང་ནུས་སྦྱོང་བརྡར་ལ་བརྟེན་ནས་ཕྱི་རོལ་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་ནི་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ། དངོས་ཚན་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། ལེགས་སུ་གཏོང་བ། ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་གོང་འཕེལ་ཡོང་བར་བྱེད་དགོས།

འདིར་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ངེས་པར་དུ་གཙོ་བོ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་མཉམ་སྤེལ་རྒྱུན་འཁྱོངས་བྱེད་པའི་ཐད་དབྱེ་ཞིབ་གཏིང་ཟབ་བྱེད་དགོས།

ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་དུས་སྐབས་སུ། ང་ཚོས་ཕོག་ཐུག་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་པ་དེ་ནི་སྒྱུར་བཅོས་ཁྲོད་ཤུགས་བརྒྱབ་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། 《ཁྲོམ་རའི་ཞུགས་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོ(2025ལོའི་པར་གཞི)》ཁྱབ་བསྒྲགས་བྱས་པ་ནས་དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་། ཚུལ་མིན་འགྲན་རྩོད་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་བར་གྱི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་ལག་ལེན་བསྟར་ཏེ་ཕན་འབྲས་ཐོན་ནས་ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཡོད། དཔལ་འབྱོར་གྱི་འཕེལ་ཕྱོགས་ཞན་དུ་འགྲོ་བའི་གནོན་ཤུགས་ཇེ་ཆེར་འགྲོ་བའི་སྐབས་སུ། ཏང་ཀྲུང་དབྱང་གིས་ལམ་ཚད་རྡོ་རིང་ལྟ་བུའི་བྱ་སྤྱོད་སྤེལ་བའི་ཐོག་ནས་དཔལ་འབྱོར་འཕར་བའི་སྲིད་ཇུས་རབ་དང་རིམ་པ་འཕྲལ་ཐག་ཆོད་པོས་བཀོད་སྒྲིག་གནང་ཡོད། འདི་ལོའི་ཚུན་དུ་གཙོ་བོ་གཉིས་དང་གསར་པ་གཉིས་ཀྱི་སྲིད་ཇུས་ཤུགས་ཆེར་བཏང་ནས་མཐའ་འཁོར་རྒྱ་བསྐྱེད་དང་། ཚད་གཞི་དམའ་རུ་གཏོང་བ། སྐྱེད་ཀ་དམའ་རུ་གཏོང་བ་བཅས་ཀྱི་ཐོག་ནས་འཁོར་རྒྱུག་རང་བཞིན་ལྷུག་ཏུ་གཏོང་བ། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་དེ་བས་གནད་འཁེལ་རང་བཞིན་དང་སྟབས་བསྟུན་རང་བཞིན་ལྡན་པས་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཐོན་སྲིད་པའི་འཕར་ཆག་དུས་ཐོག་ཏུ་སྙོམས་པོ་ཡོང་བར་བྱས་ཡོད།

མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དུས་འཁོར་རང་བཞིན་དང་། གྲུབ་ཚུལ་རང་བཞིན། སྒྲིག་སྲོལ་རང་བཞིན་བཅས་ཀྱི་གནད་དོན་ཕན་ཚུན་འདྲེས་ཡོད་པས། གནད་དོན་ཐག་གཅོད་བྱེད་པར་ངེས་པར་དུ་ཕྱོགས་བསྡུས་ཀྱི་ཇུས་གཞི་ལག་བསྟར་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་ཀྱི་བྱེད་ཐབས་འདི་གཉིས་མུ་མཐུད་དེ་བེད་སྤྱོད་ཡག་པོ་བྱེད་དགོས། སྤྱི་ཁོག་སྲིད་ཇུས་དང་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐུང་གི་དཔལ་འབྱོར་འཕར་ཆག་ཆུང་དུ་གཏོང་དགོས། གོ་སྐབས་མི་ཤོར་བའི་སྒོ་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་ས་གནས་དང་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ཐོག་དཔལ་འབྱོར་དེ་བས་མང་བ་ནང་གནས་འཕར་སྣོན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐད་ཚོགས་འདུའི་ཐོག་བཏོན་དོན། དེ་བས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ནས་སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས་པ་དང་། བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་མཐོར་གཏོང་མཐའ་འཁྱོངས་ཀྱིས་གསོག་འབོར་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་མཉམ་འདུས་ཀྱི་ཕན་འབྲས་འདོན་སྤེལ་བྱས་ཏེ། དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། སྒྱུར་བཅོས་དང་གསར་གཏོད་ཐད་ཚོགས་འདུའི་ཐོག་མཐའ་འཁྱོངས་བརྒྱད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཤིང་།དེའི་ཁྲོད་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་དམ་འཛིན་བྱེད་པ་དང་། སྒྱུར་བཅོས་འགག་སྒྲོལ་བཅས་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བ་སོགས་ལ་དམིགས་ནས་སྒྱུར་བཅོས་གསར་གཏོད་ཀྱི་ཞིབ་ཕྲའི་བྱ་ཐབས་ཁག་གཅིག་བཀོད་སྒྲིག་བྱས་པ་དེ་དག་ཚང་མ་གནད་དོན་དངོས་ལ་དམིགས་ནས་བཏོན་པ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་བཏོན་པ་ཞིག་རེད། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ་དེའི་ཐོག་ནས་བརྒྱུད་རིམ་ལྡན་པའི་འདུ་ཤེས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཚོན་པ་དང་། དེ་གཉིས་ཁ་ཕྱོགས་གཅིག་ཏུ་ཤུགས་རྒྱག་པ་དང་མཉམ་དུ་ཤུགས་རྒྱག་པ་དེས་འཕར་ཆག་ནུས་ལྡན་ངང་ཆུང་དུ་གཏོང་ཐུབ་ལ་གསོན་ཤུགས་གང་ལེགས་འཕེལ་ཐུབ་པར་མ་ཟད། དེ་བས་ཡིད་ཆེས་འཕེལ་བ་དང་སྟོབས་ཤུགས་དེ་བས་གཅིག་སྒྲིལ་ཐུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དཀའ་གནད་ལས་བརྒལ་བའི་ཁྲོད་སྤུས་ཚད་མཐོ་རུ་དང་བསྡོམས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་ཐུབ།

ལོ་ལྔ་ཚན་བཅོ་ལྔ་པའི་རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་རེད། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ངེས་པར་དུ་བྱེད་དགོས་པ་ལྔ་ཞེས་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གོ་བ་གཏིང་ཟབ་ལེན་པ་དང་། དོན་དངོས་དང་བསྟུན་པ། ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཚེ་ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་ཐུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་འགན་ལ་ཚད་བརྒལ་གལ་ཆེན་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ། དེ་བཞིན་རང་རྒྱལ་གྱི་འཚོ་གནས་ཀྱི་ནུས་པ་དང་། འགྲན་རྩོད་ཀྱི་ནུས་པ། འཕེལ་རྒྱས་ཀྱི་ནུས་པ། རྒྱུན་མཐུད་ཀྱི་ནུས་པ་བཅས་མུ་མཐུད་དེ་ཆེ་རུ་གཏོང་ཐུབ་ངེས་རེད། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་13ཉིན་འབྱོར་བའི་གློག་འཕྲིན)(དཔལ་སྐྱབས་རྒྱལ་དང་བསྟན་རྡོར་གྱིས་སྒྱུར་ཞུས་བྱས)