པར་འདི་ནི་ཐོན་ཕུ་གྲོང་ཚོའི་ཡུལ་མི་མཉམ་དུ་འཛོམས་ནས་སྒྲོག་འགྲེལ་ལ་ཉན་བཞིན་པའི་རྣམ་པ་ཡིན།
ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་ཕུ་གྲོང་ཚོས་གཅིག་སྡུད་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གྱི་ཚོགས་འདུ་འཚོགས་པ་རེད།
བྱེད་སྒོ་དེ་ཐོན་ཕུ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས་གྲོང་ཚོའི་ཨུ་ལྷན་གཉིས་དང་མཉམ་དུ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ལྷ་ས་གྲོང་ཁྱེར་གྱི་འདུ་ཤེས་གསུམ་གྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལྷུན་གྲུབ་བསྟན་དར་ཆེད་མངགས་གདན་དྲངས་ནས་འཆད་ཁྲིད་བྱས་པ་རེད། ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་གནས་བབ་དང་། འཕེལ་རྒྱས་ཀྱི་དུས་རིམ། དམིགས་འབེན་དང་ཁ་ཕྱོགས་བཅས་ལ་དམིགས་ནས་སྒྲོག་འགྲེལ་བྱས་ཡོད། ལྷུན་གྲུབ་བསྟན་དར་གྱིས་བརྗིད་ཆེའི་འཆར་གཞི་གང་ཞིག་ཡིན་རུང་མཐར་གཞི་རིམ་དུ་གཞི་ཚུགས་པ་དང་མི་དམངས་ལ་ཕན་འདོགས་དགོས་ན་ངེས་པར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་ཕུགས་འདུན་གྱི་དད་སེམས་བརྟན་དུ་གཏོང་བ་དང་། བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བ། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ། རླབས་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས་ཞེས་བཤད་པ་དང། ཁོང་གིས་རྒྱ་ཆེའི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཁ་ཕྱོཊ་གསལ་རྟོགས། སེམས་ནུས་གཅིག་སྒྲིལ་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འགན་འཁུར་བ་མཱ་ཁེ་ཉི་ཡིས་ད་ཐེངས་ཀྱི་སྒྲོག་འགྲེལ་དེ་ཏང་ཀྲུང་དབྱང་གི་དགོངས་དོན་དང་གྲོང་མིས་དོ་ཁུར་བྱེད་པའི་ཐོན་སྐྱེད་འཚོ་བ་དང་གྲོང་ཚོའི་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་དང་།ལྷག་པར་དུ་གྲོང་གསེབ་དར་རྒྱས་ལ་དམིགས་ནས་ཞིབ་བཤེར་བསུ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། འབྱུང་ཁམས་སྲུང་སྐྱོང་། དགུན་དུས་ཀྱི་བདེ་འཇགས་སོགས་གཙོ་གནད་ལས་དོན་ལ་མང་ཚོགས་དང་འབྲེལ་འདྲིས་ཀྱིས་གསལ་འགྲེལ་བྱས་ཏེ་ཡུལ་མི་ཚོས་སྲིད་ཇུས་ཤེས་རྟོགས་དང་ཁ་ཕྱོགས་ཁ་གསལ་ཡོང་བར་རོགས་རམ་ནུས་ལྡན་བྱས་པས་ཚང་མས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་པའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
ད་ཐེངས་ཀྱི་སྒྲོག་འགྲེལ་ནང་དོན་དངོས་སྒྲུབ་དང་ཁྱབ་རྒྱ་ཆེན་པོ་ཡོད། དེ་དང་ཆབས་ཅིག་ཏུ་ཐོན་ཕུ་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ནན་བཤད་བྱས་པར་མ་ཟད། དགུན་དུས་གློག་སྤྱོད་དང་མེ་སྤྱོད་ཀྱི་བདེ་འཇགས་དང་། གློག་འཕྲིན་ཁ་བསླུས་ལ་དོགས་ཟོན་བྱེད་པ་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བས་ཚོགས་ཞུགས་ཡུལ་མི་རྣམས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)