02

2025年12月16日

(པར་ངོས་དང་པོར་མཐུད)ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་ཚེ་རིང་རྡོ་རྗེས་ད་ཐེངས་ཞིབ་བཤེར་བྱེད་པའི་དམིགས་ཡུལ་ནི་ཚད་གཞི་མ་ལོན་པའི་སྦག་སྦག་འབྱུང་རྩ་ནས་གཏན་འགོག་བྱས་ཏེ་ཚོང་པར་ལག་ཁྱེར་གསུམ་གཅིག་སྒྲིལ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་ནན་པོ་འདོན་ཆེད་ཡིན། རང་དགར་མྱུར་ཚད་ཚོད་འཛིན་མེད་པར་བཟོ་བ་དང་གློག་རྫས་སྒྱུར་བཟོ་བྱེད་པ་སོགས་ཀྱི་བྱ་སྤྱོད་ཤེས་རྟོགས་བྱུང་མ་ཐག་ཞིབ་བཤེར་ཐག་གཅོད་བྱས་ནས་གྲོང་མིའི་ཕྱིར་སྐྱོད་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད་ཅེས་བཤད།

དེ་དང་ཆབས་ཅིག་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣེའུ་ཁུལ་གསར་གྱི་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་མཉམ་དུ་ཐའེ་ལིང་དང་ཡ་མ་ཧ་སོགས་གློག་སྒུལ་སྦག་སྦག་གི་ཕྱིར་འཚོང་ས་ཚིགས་ལ་གཅིག་སྡུད་ཐོག་གྲལ་བཤེར་བྱས་ནས་གློག་རྫས་ཀྱི་བདེ་འཇགས་དང་། གློག་སྒུལ་སྦག་སྦག་གི་ཚད་གཞི་ལོན་པའི་ལག་ཁྱེར། དེ་བཞིན་ཚོང་ཁང་གི་གློག་ཤུགས་སྐུད་ལམ་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། ཁྲིམས་འཛིན་པས་མེ་སྐྱོན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་གཉེར་སྐྱོང་བྱེད་མཁན་ལ་སྒྲིག་འགལ་ངང་ཕྱིར་འཚོང་དང་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་གནོད་འཚེ་ཚབས་ཆེན་དང་བཅའ་ཁྲིམས་ཀྱི་མཇུག་འབྲས་གསལ་བཤད་བྱས་ཡོད། སྣེའུ་ཁུལ་གསར་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་དམའ་རིམ་ཆེད་ལས་ལག་རྩལ་ལས་བྱེད་པ་འཇམ་དབྱངས་སྟོབས་རྒྱས་ཀྱིས་ད་ཐེངས་ཀྱི་མཉམ་འབྲེལ་ཞིབ་བཤེར་གྱིས་གློག་སྒུལ་སྦག་སྦག་གི་ཕྱིར་འཚོང་ཐད་ཀྱི་སྤུས་ཚད་བདེ་འཇཊ་དང་མེ་ཟོན་བདེ་འཇཊ་ལ་དམིགས་ཤིང་། སྡེ་ཚན་དབར་མཐུན་སྦྱོར་བྱས་པ་བརྒྱུད། ཚད་བརྒལ་སྦག་སྦག་ཕྱིར་འཚོང་དང་བཟོ་ལྟ་བསྒྱུར་བའི་སྦག་སྦག་ཕྱིར་འཚོང་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད་པ་དང་། གཉེར་སྐྱོང་བྱེད་པོར་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱས་པ་དང་ཆབས་ཅིག རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་དང་བདེ་འཇགས་བེད་སྤྱོད་ཀྱི་རྒྱུན་ཤེས་ཁྱབ་གདལ་དུ་བཏང་ནས་བདེ་འཇགས་ཀྱི་ལས་འཛོལ་འབྱུང་རྩ་ནས་སྔོན་འགོག་བྱས་ཏེ་མང་ཚོགས་ཕྱིར་སྐྱོད་ཀྱི་བདེ་འཇགས་ཐད་སྲུང་སྐྱོང་ཏན་ཏིག་བྱས་ཡོད་ཅེས་བཤད།

ད་ཐེངས་ཀྱི་མཉམ་འབྲེལ་ཞིབ་བཤེར་ནི་གློག་སྒུལ་སྦག་སྦག་གི་ཁྲོམ་རར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་ཞིག་ཡིན་ལ། གཉེར་སྐྱོང་པར་ཕྱོགས་པའི་སྐོར་སྐྱོད་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་ཚན་ཞིག་ཀྱང་ཡིན། ཞིབ་བཤེར་བྱེད་པ་དང་། ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ། བཅོས་སྒྲིག་བྱེད་པ་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་བརྒྱུད། ཞིབ་བཤེར་ཚོགས་ཆུང་གིས་ཁྲིམས་འཛིན་ལྟ་སྐུལ་དོ་དམ་དང་དྲིལ་བསྒྲགས་སློབ་གསོ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚོང་པའི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་འཛད་སྤྱོད་པའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)