ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་28ཉིན།ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པར་ཞུགས་མཁན་བློ་མཐུན་ཚོས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི་ལས་དོན་སྙན་སྒྲོན་དང《ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་གྲོས་འགོ(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་གནང་བ་རེད། ཚང་མས་མྱོང་ཚོར་གླེང་བ་དང་། གྲོས་འགོ་འདོན་པ། ཇུས་བཟང་འདོན་པ། འཕེལ་རྒྱས་དོན་གཉེར་བཅས་བྱས་པས་ཡུལ་དངོས་ཀྱི་རྣམ་པ་དངོས་སྒྲུབ་དང་སྤྲོ་སེམས་འཁོལ་པོ་ཡོད།
གྲོས་བསྡུར་བྱ་ཡུལ་ཁག་ཏུ་ཚོགས་ཞུགས་མི་སྣས་ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་པ་དང་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཐོན་ལས་རིམ་སྤོར་དང་། གཞི་རིམ་བཅོས་སྐྱོང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ་སོགས་ཀྱི་འགག་རྩའི་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཚང་མས་ལས་ཀའི་སྙན་ཞུའི་ནང་གྲུབ་འབྲས་ཕྱོགས་བསྡོམས་བྱས་འབྲས་དངོས་ཐོག་བདེན་འཚོལ་དང་། གནད་དོན་དབྱེ་ཞིབ་བྱས་པ་དོན་དངོས་དང་མཐུན་ཞིང་དམ་པ་དོན་གཉེར། འབྱུང་འགྱུར་འཆར་འགོད་བྱས་པ་ཆ་ཚང་ལ་དམིགས་སའི་རང་བཞིན་དང་། མཛུབ་སྟོན་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། 《ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་གྲོས་འགོའི(གྲོས་བསྡུར་མ་ཟིན)》ནང་ལྷ་སའི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་ཡོད་པ་དང་། བསམ་ཕྱོགས་ཁ་གསལ་དང་དམིགས་ཚད་ཁ་གསལ་ཡོད་པས་ལྷ་ས་གྲོང་ཁྱེར་གྱི་སླད་ཕྱིན་གྱི་ལས་དོན་ལ“ཨར་ལས་དཔེ་རིས”ལྟ་བུ་དང“ལས་འགན་དཔེ་དེབ”མཁོ་འདོན་བྱས་པས་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་པ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱུང་ཡོད།
ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀརྨ་དགོན་གསར་མངགས་གཏོང་ཁང་གི་ལྔ་མདོ་ལམ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་སློབ་སྟོན་པ་གཡུ་སྒྲོན་གྱིས་2025ལོར་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་འོག་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྒྲིག་གཞི་སྒྱུར་བཅོས་རབ་དང་རིམ་པ་བྱས་པ་དང་ས་ཚིགས་དང་མངགས་གཏོང་ཁང་གི་ཉེན་རྟོག་ལས་དོན་ཁང་ཟླ་སྒྲིལ་བྱས་པ་ནི་དེའི་ཁྲོད་ཀྱི་སྒྱུར་བཅོས་གལ་ཆེན་ཞིག་ཡིན་པ་སྟེ། དེ་སྔའི་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་མངགས་གཏོང་ཁང་གི་ཉེན་རྟོག་ལས་དོན་ཁང་ཟླ་སྒྲིལ་བྱས་ནས་ཉེན་རྟོག་པ་བཀོད་སྒྲིག་བྱེད་སྟངས་ལེགས་སུ་བཏང་ཡོད། མི་ཚང་མ་ཉེན་རྟོག་པ་ཡིན་པ་དང་། མི་ཚང་མ་དྲ་མིག་པ་ཡིན་པའི་བླང་བྱ་བཏོན་ཡོད། དེ་ལྟར་བྱས་ན་སྡེ་ཁུལ་དུ་སྐྱོད་སྐབས་ང་ཚོའི་ཉེན་རྟོག་པ་དེ་བས་འདང་ངེས་ཡོད་པ་དང་། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ལ་དོགས་ཟོན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ། ལྷག་པར་དུ་འགལ་ཟླ་དང་རྩོད་གཞི་སེལ་བའི་ཐད་ལེགས་ཆ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད་ཅེས་བཤད།
རང་སྐྱོང་ལྗོངས་ཏང་གི་མི་འཐུས་དང་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་ཚེ་བརྟན་ནོར་བུས་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་དང་བསྟུན་པར་མ་ཟད་ཚོགས་འདུའི་ཐོག་གི་བསྟན་དོན་ཚང་མ་ལྷ་སའི་འཕེལ་རྒྱས་ཀྱི་བྱ་བ་དངོས་ཤ་སྟག་རེད། ཚིག་རེ་རེ་བཞིན་སྡེ་ཁུལ་གྱི་གྲོང་མིའི་སེམས་ནང་ཟུག་ཡོད་ལ། གཞི་རིམ་ལས་དོན་གྱི་གཙོ་གནད་ཁ་གསལ་དང་ངར་ཤུགས་འཕེལ་བར་བྱས་ཡོད། གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ངས་ཕར་ལོག་རྗེས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྲོང་པ་ཁྱིམ་མཚེས་ལ་བརྒྱུད་བསྒྲགས་བྱ་རྒྱུ་དང་། ཕྱོགས་གཅིག་ནས་གྲོང་མིའི་སེམས་གཏིང་གི་སྐད་ཆ་མང་ཙམ་ཉན་ཏེ་ཚང་མས་ཁུལ་ཆུང་གི་ཁོར་ཡུག་དང་། རྒན་གསོའི་ཞབས་ཞུ། ཁྱིམ་མཚེས་ཀྱི་འགལ་ཟླ་བཅས་ཀྱི་དོན་ཆུང་དེ་དག་བློ་ལ་བརྟན་པོར་ངེས་ནས་ཏན་ཏིག་ངང་སྒྲུབ་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས་རང་ཉིད་ཀྱིས་སྣེ་ཁྲིད་དེ་སྡེ་ཁུལ་གྱི་ཏང་ཡོན་དང་དང་བླངས་པ་གཅིག་སྡུད་བྱས་ཏེ་སེམས་ནུས་ཡོད་རྒུས་དྲ་མིག་ཅན་གྱི་ཞབས་ཞུ་ཡག་པོ་བསྒྲུབས་ནས་ཁྲོམ་གཞུང་གི་དུད་ཚང་ཚང་མར་ཚང་འཛོམས་གྲོས་ཚོགས་ལས་བྱུང་བའི་དངོས་ཕན་ཚོར་ཐུབ་པ་དང་སྡེ་ཁུལ་དེ་བས་ཞི་མཐུན་དང་གྲོང་མིའི་འཚོ་བ་དེ་བས་ལེགས་སུ་འགྲོ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
ཚང་མས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱིས་ལས་དོན་ཁག་ལ་བཏོན་པའི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་གནད་འཕིགས་ཀྱི་ཐབས་ཇུས་འདོན་པ་དང་། གནད་འཕིགས་ཀྱི་ཐབས་ཤེས་འཚོལ་བ། གནད་འཕིགས་ཀྱི་ཐབས་ལམ་སྤྱོད་པ། ཕྱར་བ་གྲུ་འདེགས་ཀྱིས་འབད་འཐབ་བྱེད་པ། བབ་བསྟུན་འཕྲལ་སྒྲུབ་ཀྱིས་བྱས་རྗེས་འཇོག་པ་བཅས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཡུས་དབྱང་གིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་པ་དང་བློ་སྒོ་ཕྱེས་པར་མ་ཟད། ཕྲག་ཐོག་ཏུ་འགན་འཁྲི་བབ་པ་དང་ལས་འགན་གཟི་བརྗིད་ལྡན་པའང་ཚོར་བྱུང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་དང་ལྷ་སའི་ལྟེ་བའི་གྲོང་ཁྱེར་གྱི་ངེས་གནས་ལ་དམ་པོར་དམིགས་ནས།གྲོང་ཁྱེར་ཡོངས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཕེལ་རྒྱས་ལ་འཆར་གཞི་གསལ་པོ་བཀོད་ཡོད། རྗེས་མར་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་སུ་དོན་འཁྱོལ་བྱས་ཏེ་ཕྱོགས་གཅིག་ནས་གྲོང་ཁྱེར་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཁུལ་ཆུང་རྙིང་པའི་སྒྱུར་བཀོད་དང་གྲོང་དོན་གཞུང་ལམ་ཤར་གཏོང་ལས་གྲྭར་མུ་མཐུད་དེ་སྐུལ་འདེད་གཏོང་རྒྱུ་དང་། ཆུ་མཁོ་འདོན་དང་གློག་མཁོ་འདོན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དེ་བས་འཚོ་སྡོད་ལ་འཚམ་པར་བྱ་རྒྱུ། ཕྱོགས་གཞན་ཞིག་ནས་དམངས་འཚོའི་སྡོད་ཁང་གི་དགོས་མཁོར་དམ་པོར་དམིགས་ཏེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་བགོ་བཤའ་ཡག་པོ་རྒྱག་པ་དང་། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ།དུས་མཚུངས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་ནན་པོར་སྲུང་བ་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་དམངས་འཚོའི་རྒྱུགས་ལན་ལྷ་སའི་ས་གཞི་ཆེན་མོར་ཕུལ་ཏེ་ལྟེ་བའི་གྲོང་ཁྱེར་གྱི་སྤུས་མཐོའི་འཕེལ་རྒྱས་ཆེད་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ནོར་བུས་ང་ཚོས་འཕྲལ་མར་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱི་ཁྲོད་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱ་རྒྱུ་ཡིན། ལས་བྱེད་པ་དང་ལས་བཟོ་བའི་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལོ་ལྔ་ཚན་བཅུ་བཞི་པ་མཇུག་བསྡུ་བ་དང་ལོ་ལྔ་ཚན་བཅོ་ལྔ་པ་འགོ་ཚུགས་པའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་གཙོ་གནད་དུ་འཛིན་པའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རྩྭ་ཐང་ཉམས་གསོ། ས་ངོས་བྱེ་འགྱུར་བཅོས་སྐྱོང་།འདམ་ར་ཉམས་གསོ།དེ་བཞིན་གྲོང་ཁྱེར་གྱི་སྐྱེད་ཚལ་སྔོ་ལྗང་ཅན་དུ་འགྱུར་བ་སོགས་ཀྱི་གཙོ་གནད་ལས་དོན་མུ་མཐུད་དེ་ནུས་ཆེའི་ངང་སྤེལ་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)