02

འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས། 2025年11月30日

(པར་ངོས་དང་པོར་མཐུད)རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མང་ཚོགས་ལ་སྐུལ་སློང་བྱས་ནས་སེམས་ཤུགས་གཅིག་སྒྲིལ་དང་ལས་དོན་དངོས་བསྒྲུབས་ཏེ་འགོ་འཛུགས་ས་གསར་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་བོད་ལྗོངས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཟབ་སྦྱོང་མཐིལ་རྟོགས་དང་། ཁོང་དུ་ཆུད་པ། བསམ་སྦྱོར་གཅིག་མཐུན་བཅས་རྒྱུན་འཁྱོངས་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་འཐབ་ཇུས་དང་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་ལོ་ལྔ་ཚན་བཅུ་བཞི་པའི་སྐབས་ཀྱི་ལྷ་སའི་བྱ་གཞག་ཁག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་གྱི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་ལ་བརྟེན་ནས་གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིར་ནུས་ཤུགས་གཅིག་ཏུ་བསྒྲིལ་བ། གདོང་དམག་བདུན་ཡག་པོ་བྱ་རྒྱུ་དམིགས་ཚད་དུ་འཛིན་པ། རྩ་དོན་ལྔ་ལག་ལེན་གཏིང་ཟབ་དང་འཐབ་ཇུས་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། འབྱུང་ཁམས་སྲུང་སྐྱོང་། མཐའ་མཚམས་བརྟན་སྲུང་སོགས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་ཞིག་སྤོས་པ་ཡོད། གྲུབ་འབྲས་དེ་དག་ནི་རྩ་བའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལམ་སྟོན་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ་མཐར་གཏུགས་ན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་གྲྭབ་འབྲས་དང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད།

ལོ་ལྔ་ཚན་བཅོ་ལྔ་པའི་དུས་སྐབས་ནི་ལྷ་ས་འདི་ཉིད་རྒྱལ་ཡོངས་དང་ལྗོངས་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པའི་འགག་རྩའི་ལོ་ལྔ་ཡིན། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བའི《གྲོས་འགོའི》ནང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་འཐབ་ཇུས་ཀྱི་གོ་སྐབས་གནད་ལ་འཁེལ་བའི་སྒོ་ནས་སྟངས་འཛིན་ཡང་དག་དང་ལྷ་སའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འབྱུང་འགྱུར་གྱི་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་བླང་བྱ། དམིགས་ཚད་གཙོ་བོ། གཙོ་གནད་ལས་འགན་བཅས་གསལ་པོ་བཏོན་ཡོད། 《གྲོས་འགོའི》ནང་མ་ལག་གི་འདུ་ཤེས་མཐའ་འཁྱོངས་དང་། གཅིག་གྱུར་འཆར་འགོད་དང་ལྟ་རྟོག་ལ་མཐོང་ཆེན་བྱེད་པ། འཐབ་ཇུས་ཀྱི་གཙོ་གནད་འབུར་དུ་ཐོན་པ། ལྷ་སའི་ཁྱད་ཆོས་མངོན་པ། འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས་གྲོང་ཁྱེར་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལེའུ་གསར་པ་རྩོམ་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད།

བརྗིད་ཆེའི་འཆར་གཞི་བཀོད་ནས་འབད་འཐབ་བྱེད་པའི་དུས་ལ་སླེབས་ཡོད།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་སྟེ།ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་སྒོ་ནས་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། མཐའ་འཁྱོངས་དྲུག་གི་རྩ་དོན་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། དོན་ཆེན་བཞི་མུ་མཐུད་དུ་དམ་འཛིན་བྱེད་པ། གདོང་དམག་བདུན་ཡག་པོ་བྱ་རྒྱུར་དམིགས་པ། རྩ་དོན་ལྔ་ལག་ལེན་གཏིང་ཟབ་བྱེད་པ། འཐབ་ཇུས་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱེད་པ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་དོན་དུ་བྱེད་པ། སྲོག་ཤིང་གཙོ་བོ་དང་ལྟེ་བ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འབད་འཐབ་ཀྱི་ཁ་ཕྱོགས་གཙོ་བོར་འཛིན་པ། སྒྱུར་བཅོས་གསར་གཏོད་ནི་རྩ་བའི་སྒུལ་ཤུགས་སུ་བརྩི་བ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་བཅས་རྩ་བའི་དམིགས་ཡུལ་དུ་བྱས་ཏེ།ལྟེ་བའི་གྲོང་ཁྱེར་གྱི་འཕེལ་རྒྱས་ནུས་ཚད་དང་ཕྱོགས་བསྡུས་འགྲན་རྩོད་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། མིའི་ཁྱོན་ཡོངས་འཕེལ་རྒྱས་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོས་ཏེ་རྒྱལ་ཡོངས་དང་ལྗོངས་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་ཡོང་བ་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱེད་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་ལ་བརྟེན་ནས་ཡིད་ཆེས་བརྟན་པོ་དང་གསར་གཏོད་ཡར་བརྩོན་བྱས་ནས་ལྷ་ས་ཡུན་རིང་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་ངང་བརྩམས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གཏོད་པ་དང་མཛེས་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)