ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་གཉེར་བའི་སྐབས་གཉིས་པའི་ལོ་གསར་གྱི་མཁོ་ཆས་དུས་ཆེན་ཐོག་ཡིག་གཟུགས་མཁས་ཅན་ཚོས་སྣག་སྨྱུག་སྤྱད་དེ་དཔྱིད་གསར་གྱི་སྨོན་ཚིག་བྲིས་པ་དང་།ཡུལ་དངོས་ཀྱི་མང་ཚོགས་ཚོས་བཀྲ་ཤིས་པའི་དཔྱིད་གསར་གྱི་སྨོན་ཚིག་བླངས་ནས་ནང་ལ་འཁྱེར་ཏེ་ལོ་གསར་གྱི་རྣམ་པ་ཟམ་མོ་མཚོན་པར་བྱས་ཡོད།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྨང་བརྟན་འདུ་འགོད་ཀྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་བཀྲ་ཤིས་སྨོན་ཚིག་སྐྱེལ་བའི་རིག་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་དུས་ཆེན་ལ་རིག་གནས་ཀྱི་ཉམས་འགྱུར་བསྣན་པ་དང་།རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་བ།དད་སེམས་ཀྱི་རྨང་གཞི་བརྟན་དུ་བཏང་བ་སོགས་བྱས་ཡོད།
རིག་གནས་ཀྱིས་དམངས་ལ་ཕན་བདེ་བསྐྲུན་པ་དང་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་བཀྲག་མདངས་བསྣན་པ།ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་རིག་གནས་སྡེ་ཚན་གྱིས་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་འཐབ་ཇུས་དམིགས་ཚད་དང་བླང་བྱར་དམ་པོར་དམིགས་པ་དང་།རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་རིག་གནས་གསར་གཏོད་ཀྱི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་།རིག་གནས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རིག་གནས་ཀྱི་རྒྱབ་སྐྱོར་དང་བསམ་པའི་སྒུལ་ཤུགས་ནུས་ལྡན་མཁོ་འདོན་བྱས་ཡོད།
རིག་གནས་ཀྱི་མཁོ་སྤྲོད་ལེགས་སུ་བཏང་སྟེ་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།
ཉེ་བའི་ལོ་ཤས་རིང་།མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་ཆབས་ཅིག་མི་རྣམས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་མང་དུ་སོང་ནས་སྲོལ་རྒྱུན་གྱི་སྒོར་གཞས་ཀྱང་གྲོང་གསེབ་ནས་གྲོང་ཁྱེར་གྱི་སྤྱི་གླིང་དུ་དར་ཁྱབ་ཕྱིན་ཡོད།ཉིན་ལྟར་སྔ་དྲོར།ལྷ་སའི་སྤྱི་གླིང་ཆེ་ཆུང་ཚང་མར་རྟག་ཏུ་གྲོང་མིས་སྒོར་གཞས་རྒྱག་པའི་གཟུགས་བརྙན་མཐོང་རྒྱུ་ཡོད་ལ།ས་སྲིབ་མཚམས་སུ་ཁུལ་ཆུང་གི་ཐང་ཆེན་དུ་རྒྱུན་དུ་བདེ་སྐྱིད་ལྡན་པའི་འཚོ་བའི་འགྱུར་ཁུག་ལྷང་ལྷང་དུ་གྲགས་བཞིན་མཆིས།
མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་།རིག་གནས་དང་།ལུས་རྩལ།ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ།དམངས་ཡོངས་ཀྱི་ལུས་སྦྱོང་སྤེལ་རེས་འགྲེམས་སྟོན་སྟེགས་བུ་སྐྲུན་པ་བཅས་བྱ་ཆེད།2023ལོའི་ཟླ་6པར།ལྷ་ས་གྲོང་ཁྱེར་གྱི་སྒོར་གཞས་འགྲན་བསྡུར་སྐབས་དང་པོ་དེ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་གཉེར་བ་དང་གྲོང་ཁྱེར་ཡོངས་ཀྱི་འཐུས་མིའི་རུ་ཁག་36གི་མི་གྲངས་700ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།འགྲན་བསྡུར་བྱ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་པ་དང་། དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས་ཤིང་།འཁྲུག་ཆ་ཧ་ཅང་དོད་པོ་ཡོད།སྒོར་གཞས་འཁྲབ་མཁན་རུ་མི་ཚང་མའི་ལུས་ནས་ཉམས་དོད་ཅིང་སྙིང་སྟོབས་རབ་ཏུ་འཕེལ་བ་དང་།ས་ཁོངས་ཀྱི་ཁྱད་ཆོས་མི་འདྲ་བའི་གྱོན་ཆས་དང་། རོལ་དབྱངས།སྟངས་སྟབས་བཅས་ཀྱི་ཐོག་ནས་སྒོར་གཞས་རིག་གནས་ཀྱི་མཛེས་དཔྱོད་དང་ཁྱད་པར་མངོན་པར་མ་ཟད། མི་ཚང་མའི་བཞིན་ལ་རིག་གནས་ཀྱི་གདེང་ཚོད་ཀྱིས་ཁེངས་ཡོད།
བསམ་པའི་རིག་གནས་འཚོ་བ་དོན་གཉེར་བྱ་རྒྱུ་དེ་གྲོང་ཁྱེར་ཁོ་ནར་མི་གཏོགས་པར་གྲོང་གསེབ་ཏུའང་རྟག་ཏུ་རིག་རྩལ་འཁྲབ་སྟོན་བྱེད་ཀྱི་ཡོད།ཡུལ་མི་ཚོས་ཇ་བསྲུབས་མ་དང་ཇ་མངར་མོ་འཁྱེར་ནས་ཇ་འཐུང་གིན་དུ་མིག་གི་ལོངས་སྤྱོད་བྱེད་ཀྱི་ཡོད།སྐད་གསང་མཐོན་པོའི་གླུ་དབྱངས་དང་།ཡིད་དབང་འཕྲོག་པའི་གར་སྟབས།སྤྲོ་སྣང་ལྡན་པའི་འཁྲབ་སྟོན་སོགས་གྲོང་གསེབ་ཏུ་དགའ་སྤྲོའི་དཔལ་ལ་རོལ་བཞིན་མཆིས།མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རི་མདོ་སྒང་གྲོང་ཚོའི་གྲོང་མི་ལྷུན་གྲུབ་ཀྱིས་རིག་རྩལ་གཞི་རིམ་དུ་སྐྱེལ་བའི་བྱེད་སྒོ་སྤེལ་བ་དེས་རྒྱ་ཆེའི་གྲོང་མི་དང་མང་ཚོགས་ཀྱི་རིག་གནས་དགོས་མཁོ་བསྐངས་ནས་ཚང་མས་སྒོ་འགྲམ་ནས་རིག་རྩལ་འཁྲབ་སྟོན་ཡག་པོ་དེ་འདྲར་བལྟ་རྒྱུ་ཡོད་པ་དང་།ཏང་གི་དམངས་ཕན་སྲིད་ཇུས་སྔར་བས་ལེགས་སུ་ཕྱིན་པ།ང་ཚོའི་འཚོ་བའང་སྔར་བས་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་བཤད།
སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དར་སྤེལ་བཏང་སྟེ་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ།
2023ལོའི་ལོ་མཇུག་ཏུ་ལྷ་སའི་རྒྱན་གོས་གཟའ་འཁོར་ཐོག་མི་རིགས་ཀྱི་རྒྱན་ཆའི་རིག་གནས་སྟོན་མོ་ཞིག་བཤམས་ཡོད།དུས་ཡུན་གཟའ་འཁོར་གཅིག་གི་བྱེད་སྒོའི་ནང་།མོ་ཐྲོལ་བ་100ལྷག་ཙམ་གྱིས་མི་རིགས་ཀྱི་གྱོན་ཆས་སྤྲས་ཏེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་།ནོར་བུ་གླིང་ཁ།རྫོང་རྒྱབ་ཀླུ་ཁང་སོགས་སུ་ལྟད་མོ་བ་ཚོར་གྱོན་ཆས་སྣ་ཁ་60ལྷག་ཙམ་དང་གྱོན་ཆས་ཆ་ཚང་100ལྷག་ཙམ་འགྲེམས་སྟོན་བྱས་ནས་ས་གནས་ཁག་ནས་ཡོང་བའི་མི་རིགས་ཀྱི་རྒྱན་གོས་ལ་དགའ་པོ་བྱེད་མཁན་དང་།ཇུས་འགོད་པ།རིག་གནས་སྒྲིག་གཞི། ཡུལ་སྐོར་བ་བཅས་ཀྱི་ཡིད་དབང་བཀུག་ཡོད་པ་རེད།ད་རེས་ཀྱི་བྱེད་སྒོ་སྤེལ་བ་དེས་ལྟད་མོ་བས་རྒྱན་གོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་དང་དུས་མཚུངས་བོད་ཀྱི་མི་རིགས་ཀྱི་རྒྱན་གོས་རིག་གནས་སྲུང་སྐྱོང་དང་།རྒྱུན་འཛིན།གསར་གཏོད།འགྲེམས་སྟོན།
(པར་ངོས་གསུམ་པར་གཟིགས)